ཝུའུ་ཞའོ་ཅུན་ཚན་རིག་ལག་རྩལ་སློབ་གསོ་ཚན་ཁག་སོགས་ཚན་ཁག་མཉམ་འབྲེལ་གྱི་གྲོས་བསྡུར་ལ་ཞུགས།
ཟླ1ཚེས20ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚན་རིག་ལག་རྩལ་དང་སློབ་གསོའི་ཚན་ཆུང་དང་། སྨན་རྫས་འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ཚན་ཆུང་བཅས་ཀྱི་ཚན་ཆུང་གི་མཉམ་འབྲེལ་གྲོས་བསྡུར་ལ་ཞུགས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་གྲོས་མོལ་སྲིད་གླེང་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ནས། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་འགན་འཁུར་དང་བརྩེ་སེམས་ལ་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཐབས་འདོན་ཇུས་འབུལ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་སྟེང་ཏིན་ཞའོ་ཁྲོན་དང་ཝུའུ་རིན་ཐ་ན། ཀྲང་ཀྲིའུ་ཕིང་། ཡན་ལེང་ཏུང་། ཁྲིན་ཆུང་། ཝང་ཁུན། ཝེ་ལིས་ཞིན། ཝང་ཐུང་། མཚོ་ལོ་སྐྱིད་སོགས་ཨུ་ཡོན་ཚོས་ཚྭ་མཚེའུ་ཐོན་ལས་མ་ལག་འཛུགས་པ་དང་། མཐོ་སྒང་གི་གསོ་རིག་དང་ཁམས་གསོ་ལ་སྐུལ་འདེད་གཏོང་བ། ཚྭ་འདམ་གཞོང་གནམ་རིག་ཐོན་ཁུངས་ཀྱི་སྦས་ཤུགས་གཏིང་ཟབ་ཏུ་སྔོག་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་སྐྱིལ་ནུས་པ་མཐོར་འདེགས་གཏོང་བ། སྐྱེ་ཁམས་ཉེན་ཁ་དཔྱད་འཇོག་སྔོན་འགོག་ལ་ཤུགས་སྣོན་པ། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ། དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བ། ས་གནས་གཞན་དུ་འཛིན་གྲྭ་སྒྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ནན་གྱིས་ཉན་རྗེས་རེ་རེ་བཞིན་ལན་བཏབ་པ་མ་ཟད། ཚང་མས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཐད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། འདས་མ་ཐག་པའི2024ལོ་ནི་ཧ་ཅང་བརྗེད་དཀའ་བ་དང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་འགྲན་རྩོད་ལ་ཐད་ཀར་གདོང་གཏད་ནས་དཀའ་ངལ་ཁྱད་བསལ་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་བརྟན་པོ་དང་ཡར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་གསར་པའི་ནང་། ཚང་མས་ཆེད་ལས་ཀྱི་ལེགས་ཆ་དང་རིག་གཞུང་གི་ཁྱད་ཆོས་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་འགན་འཁྲི་ནན་ཏན་གྱིས་བསྒྲུབ་རྒྱུའི་རེ་བ་ཡོད། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཇེ་མགྱོགས་སུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་རིན་ཐང་ཆེན་པོ་མངོན་འགྱུར་བྱ་དགོས། ཀུན་སྤྱོད་འཛུགས་སྐྲུན་དང་མི་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྨང་གཞིའི་སློབ་གསོའི་བཀོད་སྒྲིག་གྲུབ་ཚུལ་ལེགས་སྒྱུར་ལེགས་སྒྲིག་བྱས་ཏེ། ཤར་ནུབ་མཉམ་ལས་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས། རང་ཞིང་གི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དེ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔར་ལས་འཐུས་སྒོ་ཚང་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་དགོས། ནུས་ཤུགས་ཅི་ཡོད་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་རྒྱ་ཆེ་ཞིང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པས། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཤེས་ལྡན་མི་སྣ་དང་རིག་སྟོབས་གཅིག་ཏུ་བསྡུ་བ་དང་། འབྲེལ་འདྲིས་རྒྱ་སེར་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཧུར་ཐག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་བྱས་ནས། མཚོ་སྔོན་འཕེལ་རྒྱས་གཏོང་ཆེད་ཐབས་ཇུས་བཟང་པོ་མང་ཙམ་འདོན་དགོས། དམངས་གཙོའི་ཏང་ཁག་སོ་སོས་ཆབ་སྲིད་ཐད་སེམས་པ་གཅིག་མཐུན་དང་། བསམ་བློའི་ཐད་ཁ་ཕྱོགས་གཅིག་མཐུན། བྱ་སྤྱོད་ཐད་འགྲོས་མཉམ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དྲང་ཕྱོགས་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་བརྟེན་ནས། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་ཚེ་སྲོག་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ལ་དོ་ཁུར་བྱས་ཏེ། དངོས་གནས་ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་དེ་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་རྩིས་ཐོར་བསྒྱུར་ནས། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ཝང་ཞོན། ཐེན་ཁུའེ་བཅས་གྲོས་ཚོགས་སུ་ཞུགས།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།