ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས།

文摘   2025-01-21 11:54   青海  


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ1ཚེས20ཉིན་གྲོས་ཚོགས་བསྡུས་ཏེ། 《ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་ཡར་ཞུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུར་ཉན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ》དང་། 《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།

ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི2024ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། 2025ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་བྱུང་། གྲོས་ཚོགས་ལས་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བརྟན་པོ་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་བཞག་ཡོད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། རང་འགན་གཙང་སྒྲུབ་དང་ཧུར་བརྩོན་གྱིས་བྱེད་ཐབས་སྤྱད་ནས། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན་དང་བཅོས་སྒྱུར་ལ་མཛུབ་སྟོན་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བཅས་བྱས་ནས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་གསར་པའི་ནང་དུ། ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་འདི་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཅིག་མཐུན་ཡིན་པ། བཀའ་སྒྲུབ་ཁྲིམས་བརྩི་བཅས་ལ་འགན་ལེན་བྱེད་དགོས། ཆབ་སྲིད་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པ། བྱ་བ་སྒྲུབ་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཧུར་བརྩོན་ཡར་རྒྱས་དང་བྱ་བ་བཟང་བོར་སྒྲུབ་པ། བཅོས་སྒྱུར་མཁྲེགས་གཏོར་ལ་ནུས་ཤུགས་གཅིག་སྒྲིལ་སྒོས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་དུ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རང་ངོས་ཀྱི་འགན་འཁྲི་གཞིར་བཟུང་ནས་ཆབ་སྲིད་ནུས་པ་ཆེ་རུ་གཏོང་རྒྱུ་དང་གཙོ་གནད་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ། རང་ངོས་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཁག་ཚང་མ་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཇུས་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་ཕྱོགས་ལ་གོ་བ་ཡང་དག་ལེན་རྒྱུ་དང་། སྲུང་སྐྱོབ་དང་བཅོས་སྐྱོང་གཙོ་བོ་ཡིན་པའི་འཐབ་ཇུས་བླང་བྱ་ཡིད་ལ་བརྟན་པོར་བཅངས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་དེ་སྒུལ་ཤུགས་སུ་བརྩིས་ཏེ། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། ཆུ་དང་མི་འབོར་དང་འབྲུ་རིགས། ནུས་ཁུངས་བཅས་ཀྱི་འབྲེལ་བ་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་མོ་དང་མཐུན་སྦྱོར་ཆེན་མོའི་རྣམ་པ་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་དང་། སྟོད་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོབ་ནུས་པ་མ་ལག་ལྡན་པའི་སྒོ་ནས་ཆེ་རུ་གཏོང་བ། དབུས་རྒྱུད་ཀྱི་ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་པ། སྨད་རྒྱུད་ཀྱི་བརླན་ས་སྲུང་སྐྱོབ་དང་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆུའི་ཐོན་ཁུངས་དེ་མཁྲེགས་གཤིས་ཀྱི་ཚོད་འཛིན་ཆེ་ཤོས་སུ་བརྩིས་ནས་ཆུ་གྲོན་ཆུང་གི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས། རྨ་ཆུ་ཡུན་རིང་བདེ་ཐང་ཡོང་བར་འགན་ལེན་བྱེད་པ་དང་། ཆུ་རགས་དང་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་ཆས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བཏང་ནས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་དབུས་རྒྱུད་དར་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས། རྨ་ཆུའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་རིག་གནས་ཤུལ་བཞག་གི་སྤྱི་ཁོག་རང་བཞིན་དང་མ་ལག་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་པ། ལོ་རྒྱུས་རིག་གནས་ཀྱི་གཞི་མ་དང་མི་རིགས་ཀྱི་གཞི་རྩ་རྒྱུན་འཛིན་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་ཏན་ཏིག་ངང་སྒྲུབ་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ནན་མོ་བཏང་ནས། བཅོས་སྒྱུར་དོན་དག་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།


    རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章