ཞིང་ཆེན་དམངས་ཆེན་སྐབས14པའི་གྲོས་ཚོཊ་ཐེངས་གསུམ་པ་འཚོཊ་མགོ་བརྩམས།

文摘   2025-01-20 13:17   青海  


མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཟླ1པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཟླ1པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

ཟླ1ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི385ཡོད་ཅིང་། དངོས་སུ་ཞུགས་པའི་འཐུས་མི362ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་ཆུ་ཚོད་དགུའི་སྟེང་དུ། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་ཚོགས་ཆེན་དངོས་སུ་འཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།  སྙན་ཞུར་ཁྱོན་བསྡོམས་ཁག་གསུམ་ཡོད་དེ། གཅིག་ནི2024ལོའི་བྱ་བར་ཕྱིར་དྲན་བྱེད་པ་དང་གཉིས་ནི2025ལོའི་དམིགས་འབེན་ལས་འགན་དང་གཙོ་གནད་ལས་དོན། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་རེད།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་གནང་སྟེ། འོད་སྟོང་འཕྲོ་བའི་རྐང་རྗེས་ཀྱིས་མཐོ་སྒང་གི་ས་གཞི་ཆེན་མོ་གསལ་བར་བྱས་ཤིང་། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་མདུན་སྐྱོད་ཁ་ཕྱོགས་ལ་སློབ་སྟོན་དང་ཁྲིད་སྟོན་གནང་བ་དང་། བྱམས་བརྩེའི་ཐུགས་ཁུར་གྱིས་མང་ཚོགས་ཀྱི་སེམས་རྒྱུད་ཡོངས་སུ་བརླན་ཏེ། ང་ཚོས་སྔར་ལས་ངར་ཤུགས་ཆེར་སྐྱེད་ཀྱིས་སྐྱོད་ལམ་གསར་པའི་སྟེང་འབད་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུའི་ཐད་སྣེ་འདོམས་གནང་ཡོད། ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཡར་རྒྱས་བརྩོན་ལེན་དང་ཡར་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འགན་འཁྲི་མངོན་པར་བྱས་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་རང་འགུལ་སྒོས་བྱེད་ཐབས་སྤྱོད་པ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་འབད་བརྩོན་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གིས་འགན་འཁུར་བའི་ཁྲོད་དུ་སྤུས་ཚད་ཇེ་ལེགས་སུ་བཏང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཐབས་མང་མཉམ་སྤྱོད་ཁྲོད་མངོན་སུམ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་ལ། ཁྱད་ལྡན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཁྲོད་གཅིག་སྡུད་སྟོབས་ལྡན་དུ་ཕྱིན་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་བདེན་སྲུང་གསར་གཏོད་དངོས་ཀྱི་ཁྲོད་ཟབ་སྤེལ་བཏང་བ་ལས་གཞན། དམངས་ཚིས་ལས་དོན་དམངས་ཕན་དངོས་ཀྱི་ཁྲོད་སྔར་ལས་དྲོད་ཁོལ་དྲན་པར་བྱས། དེ་མིན་ད་དུང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་མཉམ་སྐྲུན་མཉམ་བཅོས་ཁྲོད་བདེ་འཇགས་བརྟན་བརླིང་ཅན་དུ་གྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་བྱེད་པར་གསར་དུ་གོམ་སྟབས་བརྟན་པོ་སྤོས་ཡོད།

ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་བལྟ་བྱས་ན། ང་ཚོར་འཕྲད་པའི་འགྲན་སློང་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ། འབད་འབུངས་ཧུར་བརྩོན་བྱས་པ་ནི་སྤྱིར་བཏང་ལས་བརྒལ་ཡོད་ཅིང་། ཐོབ་པའི་གྲུབ་འབྲས་ཀྱིས་བརྩོན་སེམས་ཆེ་རུ་བསྐྱེད་པ་ཞིག་རེད། ཆེས་གཞི་རྩ་ལྟ་བུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་འདོམས་སྣེ་ཁྲིད་བྱས་པ་དང་འབྲེལ་ཐབས་མེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཡོད་ཅིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དམ་འཛིན་དོན་ལྡན་དང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས། སྤྱི་ཚོགས་ཀྱི་ལས་རིགས་སོས་སོ་བཅས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་དང་འཛུགས་སྐྲུན་པ། གསར་གཏོད་པ་བཅས་ཚང་མས་ཕུགས་འདུན་དོན་གཉེར་བྱས་ཡོད། དུས་མཚུངས་སུ། ང་ཚོས་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་ལ། ངེས་གཏན་མིན་པའི་རང་བཞིན་མངོན་སུམ་གྱིས་ཇེ་ཆེར་འགྲོ་བཞིན་པའང་གསལ་བོར་མཐོང་ཐུབ། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གནད་དོན་ལ་ཐད་ཀར་གདོང་གཏད་དེ། ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་བྱེད་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ལེགས་བཅོས་བྱས་ཏེ། དངོས་གཉེར་གྱི་གྲུབ་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲིན་ལན་འཇལ་ཡོད།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འཆར་འགོད་བྱེད་པའི་ལོ་ཡིན་པར་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ཡོངས་ནས་བལྟས་ན། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་འབྱུང་མི་སྲིད་ལ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷོད་གཡེང་གི་དངུལ་ལོར་སྲིད་ཇུས་ཀྱི་ཕན་ནུས་རིམ་བཞིན་ཐོན་བཞིན་ཡོད་ཅིང་། འཕེལ་རྒྱས་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད། རང་ཞིང་གི་འཕེལ་རྒྱས་ལ་གོ་སྐབས་མང་པོ་ལྡན་ཞིང་། ཐོན་ལས་ཀྱི“གནས་བཞིའི”འཕེལ་ཕྱོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ངེས་ཡིན་ལ། ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་རྗེས་ཐོན་གྱི་དགེ་མཚན་ཉིན་བཞིན་མངོན་གསལ་ཅན་དུ་འགྲོ་བཞིན་ཡོད། ང་ཚོས་གནས་སྟངས་ལ་རྩོད་སྒྲུབ་ཀྱི་སྒོ་ནས་ལྟ་སྟངས་འཛིན་རྒྱུ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་མངོན་སུམ་གྱིས་ཆེ་རུ་བཏང་སྟེ། སེམས་ཤུགས་གཅིག་སྒྲིམ་སྒོས་སླར་ཡང་མཐོ་སར་སྙེག་རྒྱུ་དང་ལེགས་ཆ་དར་སྤེལ་བཏང་ནས་གནས་བབ་གསར་པ་སྐྲུན་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་འབད་དགོས།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྷག་ལུས་མེད་པའི་སྒོ་ནས་དངོས་འབེབས་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་བླང་བྱ་ལྟར་དུ། ཞིང་ཆེན་གྱི “ཆེས་ཆེ་བ་གསུམ”གྱི་ངེས་གནས་གཏན་ཁེལ་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་དངོས་ཀྱི་སྟེང་ནས་རྐང་ཚུགས་པར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མགྱོགས་མྱུར་ངང་མཉམ་འདྲེས་ཡོང་བར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ། བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་དངོས་གཉེར་བརྩོན་ལེན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་བཏིངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས།

ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡས་མས་འཕར་བར་བྱས་ནས། གྲུབ་འབྲས་སྔར་ལས་གང་ལེགས་ཐོབ་རྒྱུར་བརྩོན་ལེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་པ་གསར་པ་ཁྲི་དྲུག་ཡན་ལ་འཕར་བར་བྱེད་པ། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཚུལ་སྒྱུར་ལས་ཞུགས་མི་གྲངས་ས་ཡ་གཅིག་དང་ཁྲི་དྲུག་ཡན་ལ་སླེབས་པར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་སུ་ཚོད་འཛིན་བྱེད་པ།  གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཉིས་ཡས་མས་སུ་སླེབས་པར་བྱེད་པ། གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་གཅིག་མཚུངས་ཡིན་པ། འབྲུ་རིགས་ཐོན་འབོར་ཏུན་ས་ཡ་གཅིག་དང་འབུམ་གཅིག་ཡན་རྒྱུན་འཁྱོངས་བྱེད་པ། འབྲི་ཆུ་དང་རྨ་ཆུའི་ཆུ་ལག་གཙོ་བོ། རྫ་ཆུ་བཅས་ཞིང་ཆེན་གྱི་ས་མཚམས་ནས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་དང་དེའི་ཡན་རྒྱུན་འཁྱོངས་བྱེད་པ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.3%ཡན་ལ་སླེབས་པར་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་ནུས་ཁུངས་ཟད་གྲོན་བྱེད་ཚད་ཇེ་དམའ་རུ་གཏོང་བ། བཙོག་དངོས་ཉུང་གཏོང་གི་དམིགས་འབེན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་ད་ལོའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། བརྟན་ཐོག་ཡར་འཕེལ་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ། བདེན་སྲུང་གསར་གཏོད་བྱེད་པ། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱེད་པ། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས། ཕན་འབྲས་ཆེ་བའི་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་གསོ་སྐྱོང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཚད་བསྐྱར་གསོ། སྤུས་ཚད་ལེགས་གཏོང་། སྤྱི་འབོར་ཆེར་གཏོང་བཅས་ཀྱི་འབྲེལ་བ་ལ་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱེད་དགོས། དམིགས་འབེན་སྣེ་ཁྲིད་ལ་སྔར་ལས་མཐོང་ཆེན་བྱེད་རྒྱུ་དང་སྲིད་ཇུས་དོན་འཁྱོལ་ལ་སྔར་ལས་མཐོང་ཆེན་བྱེད་པ། མ་ལག་སྐུལ་སྤེལ་ལ་སྔར་ལས་མཐོང་ཆེན་བྱེད་པ། གོ་སྐབས་དང་ཤུགས་ཚད་ལ་སྔར་ལས་མཐོང་ཆེན་བྱེད་པ། ཞན་ཆ་ཁ་གསབ་ལ་སྔར་ལས་མཐོང་ཆེན་བྱེད་པ་བཅས་བྱས་ཏེ། གཤམ་གྱི་ཕྱོགས་བདུན་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས། གཅིག་ནི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་ནུས་པ་ཆེ་ཤོས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་གྲུབ་སྟངས་ཆེན་པོ་འཛུགས་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ལས་དོན་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། གཉིས་ནི་ནུས་ལྡན་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུར་ཤུགས་བསྣན་ནས། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་དང་ལེགས་ཕྱོགས་སུ་འཕེལ་བ་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཀྱི་གསོན་ཤུགས་བསྐྱེད་པ། ནུས་ལྡན་གྱི་དངུལ་གཏོང་རྒྱ་སྐྱེད་གཏོང་བ། ཚོང་འགུག་དངུལ་གཏོང་དམ་འཛིན་ཆེན་པོ་བཅས་བྱེད་དགོས། གསུམ་ནི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི“གནས་བཞིའི”ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་འཁོར་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་ལས་ཅན་གསར་པ་ཇེ་མགྱོགས་སུ་གཏོང་བ། སྤུས་ལེགས་དང་ཕན་འབྲས་ཆེ་བའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་སྐྲུན་བཅས་བྱེད་དགོས། བཞི་ནི་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུར་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱས་པར་སྔར་ལས་སྐུལ་འདེད་བཏང་སྟེ། དོད་རྟགས་རང་བཞིན་གྱི་བཅོས་སྒྱུར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། ལྔ་ནི་ཉེན་ཁ་འགོག་སེལ་བྱེད་རྒྱུར་ཤུགས་བསྣན་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་སྲུང་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱས་ནས། རྒྱལ་ཁབ་འཐབ་ཇུས་ཀྱི་དབུས་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་སྔར་ལས་གང་ལེགས་བྱས་ནས། སྤྱི་པའི་བདེ་འཇགས་མ་ལག་གི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནན་མོ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བཅས་བྱེད་དགོས། བདུན་ནི་སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་མཐོའི་དམངས་ཚིས་འགན་སྲུང་གི་མཚོ་སྔོན་གྱི་དཔེ་མཚོན་སྐྲུན་པ། སྤུས་ཚད་མཐོ་ཞིང་བབ་ལེགས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སློབ་གསོའི་ཞིང་ཆེན་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་ལག་བསྟར་བྱེད་པ། ཆུ་ཚད་མཐོ་ཞིང་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་དམ་ཟབ་འཛུགས་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ང་ཚོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ། གཉིས་བཀུར་མཉམ་སྐྲུན་ཟབ་སྤེལ་བཏང་ནས། དམག་དམངས་ཉ་ཆུ་བཞིན་མཐུན་པའི་དུས་རབས་གསར་པའི་ཀྲུང་ཧྭའི་ལེའུ་འབད་པས་རྩོམ་དགོས།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣས་ཆབ་སྲིད་སྣེ་འདོམས་དང་དངོས་སྒྲུབ་ཁག་ཁུར་རྒྱུན་འཁྱོངས་བྱས་ནས། གལ་ཆེན་རང་བཞིན་དང་འགན་འཁྲི་ཤེས་པར་བྱེད་པ་དང་། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུའི་སྲིད་གཞུང་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ལངས་གནས་སྔར་ལས་མཐོ་བའི་སྒོ་ནས་ལྷག་བསམ་རྣམ་དག་བཅངས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་དང་། འགན་འཁྲི་སྔར་ལས་ཆེ་བའི་སྒོ་ནས་དམངས་ལ་དོན་དངོས་སྒྲུབ་པ། བླང་བྱ་སྔར་ལས་ནན་མོ་བཅངས་ནས་བབ་གཙང་གཞུང་ཞབས་བཅས་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་མཇུག་ཏུ་ནན་གྱིས་བསྟན་དོན། དུས་རབས་གསར་པའི་མཚོ་སྔོན་གྱི་ལས་དོན་ལེགས་པར་སྒྲུབ་པ་ལ་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་།  ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་ལྟོས་ཆེན་པོ་ཡིད་ལ་བཅངས་ནས། སང་ཉིན་ལ་རེ་ལྟོས་ཡག་པོ་བཟུང་སྟེ། མི་ཚང་མ་མི་སྣ་གཙོ་བོ་ཡིན་པ་དང་འབད་བརྩོན་རེ་རེ་ནི་རྩ་ཆེན་ཡིན་ལ། འོད་ཟེར་རེ་རེ་ལ་འོད་མདངས་སྔར་ལས་རྫོགས་པར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བཅོས་སྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་ནས། ལྷག་བསམ་གྱི་འདུན་པ་དང་དྲིན་ཚོར་གྱི་བསམ་པ། འགན་ཁུར་གྱི་བྱ་སྤྱོད་བཅས་ལ་བརྟེན་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་དམག་དཔུང་གི་རིམ་པ་སོ་སོའི་དཔུང་སྡེ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཚོགས་ཆེན་ལ་ཞུགས་པ་དང་ཟུར་ཞུགས་བྱས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན། མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དུ་སྡོད་པའི་དམངས་ཆེན་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་དང་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས།


    རྩོམ་སྒྲིག་པ། ལྷ་མོ་འཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།




青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章