བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
དྲི་བཞོན་གྱི་བུ་མོ།
ཁོ་བོ་ནི་དྲི་བཞོན་གྱི་བུ་མོ་ལ་གློ་དགའ་ཞིང་སྙིང་ཉེ་བ་ཞིག་ཡིན། རྒྱུ་མཚན་ནི་ང་རང་ཨ་མའི་མངལ་གྱི་ཁང་བཟང་དུ་ཁམས་དཀར་དམར་འདྲེས་ཏེ་རྣམ་ཤེས་ཀྱི་ཏིང་ངེ་འཛིན་བསྒོམ་པའི་ཉིན་མོ་དེ་ནས་བཟུང་ཁོ་མོས་ང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་བསྩལ་བ་དང་། བེམ་ཤེས་ཟུང་འཇུག་གི་གདམས་ངག་གནང་བར་མ་ཟད། ཟླ་དགུ་ཞག་བཅུའི་རིང་ལ་ཉམས་ལེན་གྱི་བོགས་ཐོན་པར་བྱས་ཏེ། ངུ་ངག་གི་མ་ཎི་ཡིག་དྲུག་ཟློ་བའི་གླུ་དབྱངས་ཀྱི་རམ་འདེགས་འོག་ཏུ། ང་རང་སྐྱིད་སྡུག་འདྲེས་མའི་འོག་མིན་སྟུག་པོ་བཀོད་པའི་ཞིང་་ཁམས་འདིར་བསྐྱལ་པ་རེད། དེ་ནས་བཟུང་། དྲི་བཞོན་གྱི་བུ་མོ་ནི་ལུས་དང་གྲིབ་མ་འགྲོགས་པ་ལྟར་ཁོ་བོ་དང་སྐད་ཅིག་ཙམ་ལའང་བྲལ་མ་མྱོང་བས་ཁོ་མོ་ནི་ངའི་སྲོག་གི་གཟུང་ཐག་ཏུ་གྱུར་པ་ཡིན།
འགའ་ཞིག་གིས་ས་ཆུ་མེ་རླུང་ཞེས་དྲི་བཞོན་གྱི་བུ་མོ་འདི་གྲལ་མཐར་འདེད་ཀྱིན་ཡོད་ན་ཡང་། གསེར་ས་འོག་དང་འོད་ནམ་མཁའ་ཞེས་པའི་དཔེ་ལྟར་བུ་མོ་འདིའི་མཛངས་ཡོན་ཀྱང་ཉིན་རེ་བཞིན་ཇེ་གསལ་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་། གཅིག་ནི་སྲ་ཞིང་འཐས་པ་ཡིན་པས་ཨུ་ཚུགས་ལ་གོམས་པ་དང་། གཉིས་པ་བརླན་ཞིང་གཤེར་བ་ཡིན་པས་ཆ་རྒྱུས་ལོན་དཀའ་ཞིང་། གསུམ་པ་ཚ་ཞིང་སྲེག་པ་ཡིན་པས་སུས་ཀྱང་རེག་མི་ཕོད་པར་འདུག
དྲི་བཞོན་གྱི་བུ་མོ་ལགས། དངོས་པོའི་རང་གཤིས་ལ་ངེས་ཚིག་འཇོག་པར་དགའ་བའི་མཁས་མིང་འཛིན་པ་འགའ་ཞིག་གིས་ཁྱེད་ནི་ཡང་ཞིང་རྒྱུ་བའི་བདག་ཉིད་ཅན་ཞིག་རེད་ཟེར། སྤྱིར་ལྕི་ཡང་གི་ཁྱད་པར་ནི་བལྟོས་བཅས་ཀྱི་རིགས་པ་ཞིག་ཡིན་ན་ཡང་། ཡིན་པ་མིན་པར་བསྒྲུབ་ནུས་ཤིང་མིན་པ་ཡིན་
པར་བསྒྲུབ་ཐུབ་པའི་རྟོག་གེ་པ་དེ་དག་གི་སྲང་གི་ཉ་གར་གཞལ་བའི་ཚེ་ན།གཟུགས་མེད་ཀྱི་བུ་མོ་ཁྱོད་ཀྱང་གཟུགས་ཅན་གྱི་དངོས་པོར་བསྒྱུར་ཐུབ་པར་
མཚར་ཅི་ཡོད། ལུས་ཀྱི་བོངས་ཆུང་ཞིང་གཟུགས་ཀྱི་དཔངས་དམའ་ན་ཡང་བའི་རྒྱུ་དེ་ཞར་ནས་ཐོན་ངེས་པས་ལམ་ལ་རྒྱུ་བའི་ཚེ་ནའང་མགྱོགས་ཤིང་མྱུར་
བ་ནི་སྨོས་མ་དགོས་པ་ཞིག་རེད། ཡིན་ན་ཡང་། གནད་ཀྱི་དོན་པོ་ནི་དེ་ཁོ་ནར་མ་ངེས་ཏེ། ཁྱེད་ལ་དབྱང་རླུང་གི་སྲོག་དང་ལྡན་པའི་རྐྱེན་རེད། གལ་
སྲིད་ཁྱེད་ལ་སྲོག་དེ་ལྟ་བུ་མ་འཛོམས་ན། སྲ་ཞིང་འཐས་པའི་བདག་ཉིད་ཅན་དེ་གས་འགྲོ་བ་དང་། བརླན་ཞིང་གཤེར་བའི་ཁེངས་དྲེགས་ཅན་དེ་རུལ་འགྲོ་
བ་མ་ཟད། ཚ་ཞིང་སྲེག་པའི་ཁྲོ་གཉེར་ཅན་དེ་ཡང་ཤི་འགྲོ་ལ། བུ་མོ་རང་གི་ཚེ་སྲོག་ཀྱང་འཇིག་འགྲོ་ངེས་རེད། སྐབས་དེ་དུས་ཙ་ན། རྩྭ་དང་རྩི་ཤིང་།
ལྕང་མ་གླང་མ་ལ་སོགས་པའི་སྐྱེ་དངོས་རྣམས་དང་། འདབ་ཆགས་དང་རྨིག་ཆགས། སྡེར་ཆགས་ལ་སོགས་པའི་སྲོག་ཆགས་རྣམས་ཀྱང་འཚོ་ཐབས་བྲལ་
བར་ངེས་ན། དྲི་བཞོན་གྱི་བུ་མོ་ནི་ཁོ་བོ་གཅིག་པུའི་སྲོག་གི་གཟུང་ཐག་ཙམ་དུ་མ་ཟད་པར། འཇིག་རྟེན་ཁམས་ཀྱི་དངོས་པོ་མཐའ་དག་གི་སྲོག་གི་གཟུང་
ཐག་ཀྱང་ཡིན་ནོ།
ཡིན་ན་ཡང་། དྲི་བཞོན་གྱི་བུ་མོ་འདི་སོ་སྐྱེས་ཀྱི་མིག་གིས་མཐོང་མི་ཐུབ་ལ་གྲུབ་ཐོབ་ཀྱི་ཕྱག་གིས་འཛིན་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། གསང་བ་དེའི་མཐིལ་བརྟོལ་མ་ཐུབ་པར་བརྟེན། འགའ་ཞིག་གིས་དྲི་བཞོན་གྱི་བུ་མོ་འདིའི་ཡང་ཞིང་རྒྱུ་བའི་རང་གཤིས་ལ་ཁ་གཡར་ནས་སྒྲོ་སྐུར་གཉིས་ལས་ཕྱི་མ་དེ་གཙིགས་སུ་འཛིན་མཁན་ཡང་མི་ཉུང་བ་ཞིག་ཡོད། དཔྱིད་གསུམ་གྱི་ཚེས་མགོར། ང་རང་ཆུ་མ་ས་ཁུལ་གྱི་རྐ་འགྲམ་ཞིག་ཏུ་ངལ་གསོ་ཞིང་འདུག་སྐབས། ས་དང་ཉི་མ་གཉིས་ཀྱི་གསང་གཏམ་ཞིག་གོ་བྱུང་། ས་ཡི་སྒེག་མོ་ན་རེ། དྲི་བཞོན་གྱི་སྣ་ནག་མ་དེས་ངའི་ལང་ཚོ་དང་དབྱིལ་གི་མངལ་གཉིས་ཀ་འཁྱག་རོམ་གྱི་སྒྲོམ་དུ་བཅུག་པས་ངས་ཟླ་ངོ་གསུམ་གྱི་རིབ་སྙིང་གི་གྲོགས་པོ་ཁྱེད་ལ་བསྒྲགས་བསྒྲགས་ནས་མིག་ཀྱང་ཕྱིད་སོང་། ཉི་མ་ཁྱོད་ང་དང་ཁད་ཇེ་རིང་དུ་འགྲོ་དོན་ཅི་ཡིན། ཉི་མའི་གདོང་ལ་ཁོང་འཛུམ་ཞིག་ལངས་ཤིང་སླར་ཡང་འཛུམ་དཀར་གྱི་ཚེམས་ཕྲེང་ལྷག་ལྷག་ཏུ་དགོད་བཞིན། ལས་དབང་རེད་ཡ། ངའི་བརྩེ་དུངས་ཀྱི་འདུན་མ་དང་མཛའ་མཐུན་གྱི་བསམ་པ་ལ་འགྱུར་བ་ཡེ་མེད་ཀྱང་། དྲི་བཞོན་གྱི་བུ་མོ་དྲོད་མེད་མ་དེས་བར་ཆད་བཏང་སོང་།
སྐབས་དེར་ངའི་རྣ་ལམ་དུ་གཏམ་ལྡབ་ལྡིབ་སྨྲ་བའི་སྐད་ལྷང་ལྷང་ཅན་ཞིག་ཐོས་བྱུང་། རྣ་བ་བླགས་ཏེ་ཉན་པ་ན་ཆུ་དང་འཁྱག་རོམ་བར་དུ་བྱུང་བའི་ཚིག་རྩོད་ཅིག་རེད། གལ་སྲིད་ང་མ་བཞུས་པ་ཡིན་ན་ཁྱོད་ལ་བཞུར་རྒྱུ་གང་ན་ཡོད། འོ། དེ་ནི་འཁྱག་རོམ་གྱི་སྐད་རེད།
ཧིན། དགུན་ཟླ་གསུམ་གྱི་རིང་ལ་ཁྱོད་ཁུར་ཁུར་ནས་རྔུལ་ཆུ་ཆད་མ་མྱོང་། དྲི་བཞོན་བུ་མོ་ཁྲོས་དུས་བླ་འཁྱམ་མེ་འཁྱག་འགྲོ་རྒྱུ་དང་། དྲི་བཞོན་བུ་མོ་དགའ་དུས་ཁ་བགད་ལེ་ཐེད་འགྲོ་རྒྱུ་ཞིག་གང་ན་ཡོད། ངོ་གཉིས་མ་ཁྱོད། ཧིན། ཆུ་ཡི་སྐད་གསང་མཐོ་ཞིང་བཙན་དུག་ལྡན་པ་ཞིག་རེད།
སྐབས་དེར། དྲི་བཞོན་གྱི་བུ་མོ་ནི་འཇམ་རྩུབ་བར་མའི་ངང་ནས་ཕེབས་འོངས་པ་ལ། ཉི་མ་ནི་སྨྲ་བཅད་དེ་འཛུམ་འབོལ་ལེར་འདུག་པ་དང་། ས་གཞི་ཡང་དགའ་ལྷང་ངེར་དལ་བཅགས་སེ་གདའ། འཁྱག་རོམ་གྱིས་རལ་ཧྲུལ་དུ་གྱུར་པའི་ལུས་པོ་དེར་ཁ་བཏགས་ཀྱི་ཚུལ་འཆོས་སྤྲས་ཏེ་དྲི་བཞོན་བུ་མོར་ཕུལ་བ་དང་། ཆུ་བོ་ཡིས་མགྲིན་པ་གཟེངས་སུ་བསྟད་དེ། དྲི་བཞོན་བུ་མོ། དྲི་བཞོན་བུ་མོ། ཞེས་བསྟོད་གླུ་ལེན་ཞིང་མཆིས། བསིལ་ཞིང་འཇམ་ལ་གྲང་ཤེད་ཅུང་ཆེ་བའི་དྲི་བཞོན་བུ་མོའི་རམ་འདེགས་འོག་ཏུ། ཞིང་ཆུ་མའི་ས་ཁུལ་འདིར་ཡང་ཉིན་སྲིབ་གཉིས་ཡོད་པ་གཞི་ནས་ཤེས་སོང་། ཉིན་ཁའི་ཞིང་ཚིགས་དག་ན་འཇམ་ཞིང་མཉེན་ལ་སྔོ་ཞིང་ལྗང་བའི་རྩྭ་ཡི་རྩེ་མོ་རྣོན་པོ་མང་པོ་འཕྱུར་འོངས་པ་དང་། སྲིབ་ཀའི་རི་རྩ་དག་ཏུ་ད་དུང་མ་ཞུ་བའི་གངས་དང་འཁྱག་རོམ་གྱིས་ཁེངས་འདུག མ་གཞིར། དྲི་བཞོན་གྱི་བུ་མོ་ལ་ཉེ་རིང་ཡོད་པ་མ་ཡིན་མོད། འོན་ཀྱང་ཚུལ་འདི་ལ་བརྟགས་ན་ཁོ་མོ་ལའང་དགའ་སྡང་གི་འདུ་ཤེས་ཡོད་པ་འདྲ། དེ་ལྟ་མ་ཡིན་ན། དཔྱིད་གསུམ་གྱི་ཚེ་ན་གྲང་ཞིང་དྲོ་བ་དང་། དབྱར་གསུམ་གྱི་དུས་སུ་དྲོ་ཞིང་འཇམ་པ། སྟོན་གསུམ་གྱི་སྐབས་སུ་གྲང་ཞིང་བསིལ་བ། དགུན་གསུམ་གྱི་དུས་སུ་འཁྱག་ཅིང་རྩུབ་པའི་ཁྱད་ཆོས་འདི་དག་ཡོད་ག་ལ་སྲིད།
རང་མཚང་ཅན་གྱི་དངོས་པོ་འགའ་ཞིག་གིས་དྲི་བཞོན་བུ་མོའི་ཞན་ཆ་འགའ་ཞིག་འུད་ཆེན་པོས་བསྒྲགས་ཏེ་སྐུར་བ་འདེབས་ཅི་ཐུབ་བྱེད་ཀྱིན་ཡོད་ན་ཡང་། དེ་ཙམ་གྱིས་དྲི་བཞོན་གྱི་བུ་མོ་དམན་སར་འགོད་མི་ཐུབ་ལ་དེའི་ཕན་ཡོན་དང་དགེ་མཚན་ཁྱད་གསོད་ཀྱང་བྱེད་ཐུབ་ཀྱི་མ་རེད། མཐོན་མཐིང་དབྱིངས་ནི་དྲི་བཞོན་བུ་མོའི་འཕུར་ལམ་ཡིན་པ་དང་། དོག་མོ་ས་ནི་དྲི་བཞོན་བུ་མོའི་རྒྱུ་ལམ་རེད། གལ་སྲིད་དྲི་བཞོན་གྱི་བུ་མོ་མེད་པ་ཡིན་ན། སྲིད་པའི་འཇིག་རྟེན་འདི་གནའ་ནས་འཇིག་ཟིན་པ་དང་། དག་པའི་ཞིང་ཁམས་ཀྱང་གནས་པ་དོན་ཡོད་མིན་ལ། གཤིན་རྗེའི་ཆོས་རྒྱལ་ཡང་ཁོམ་སོང་ལས་ཆེ།
དེའི་ཕྱིར། ང་རང་ནི་དྲི་བཞོན་བུ་མོ་ལ་དགའ་བ་དང་། ཁོ་མོའང་བདག་ལ་སྙིང་ཉེ་བ་ཡིན། ངའི་སེམས་ཀྱི་ཁང་བཟང་ན་དུས་ནམ་ཡང་དབྱང་རླུང་ལྡང་བ་དང་། ཁོ་མོའི་སྙིང་གི་དཀྱིལ་དབུས་ན་ངའི་སེམས་ཀྱི་ཟུངས་ཁྲག་འཁྱིལ་ཡོད་ཅིང་། དབྱང་རླུང་མ་ཚར་བར་དུ་ཟུངས་ཁྲག་ཟད་པ་མེད་ལ།ཟུངས་ཁྲག་མ་ཟད་བར་དུ་དབྱང་རླུང་ཡང་འཛད་རྒྱུ་མ་རེད།
གཤམ་ནས་ཀླུ་འབུམ་མི་རྒོད་ལ་གསན་ཆོག
ཀླུ་འབུམ་མི་རྒོད། ལེའུ་དང་པོ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་གཉིས་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་གསུམ་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཞི་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་ལྔ་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་དྲུག་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བདུན་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བརྒྱད་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་དགུ་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་གཅིག་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་གཉིས་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་གསུམ་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་བཞི་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅོ་ལྔ་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་དྲུག་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་བདུན་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅོ་བརྒྱད་པ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
ཀླུ་འབུམ་མི་རྒོད། ལེའུ་བཅུ་དགུ་བ། ཞི་བདེ་ཉི་མས་འཁྲབ་བཤད་བྱས།
---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།