བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་གྱེར་འདོན་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
སྙན་འཇེབས་ངག་གི་གདངས་དབྱངས་འདི་ན་འཁྱིལ།།
གསལ་དག་དབྱངས་ཀྱི་ཟིལ་ཤུགས་འདི་ན་རྫོགས།།
ཚོར་བས་མི་སེམས་འཕྲོག་པའི་ངག་གི་འཕྲུལ།།
བོད་ཀྱི་གྱེར་འདོན་སྒྱུ་རྩལ་དར་བར་ཤོག།
བོད་ཀྱི་གྱེར་འདོན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་ནས།
གསལ་དག་སྙན་པའི་གདངས་དབྱངས་གྲོགས་སུ་ཁྱེར།།
ཆགས་སྡང་སྒྱུ་རྩལ་རྣམ་ཤེས་སྲོག་ཏུ་ཞུགས།།
གངས་ལྗོངས་མགྲིན་ངག་འབར་བའི་རྟེན་འབྲེལ་དུ།།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་བྱོན་པ་ལེགས།།
བོད་ཀྱི་སྙན་སྒྲོན་པ་གྲགས་ཅན་དབྱངས་ཅན་ནས།
དེ་ཡང་། མེས་པོ་དམ་པ་གོང་མ་དག་གི་བློ་གྲོས་ཀྱི་མྱུ་གུ་ལས་འཁྲུངས་པའི་རྩོམ་རིག་གི་གཙང་བོ་འདིའི་བཞུར་རྒྱུན་ཉམས་པ་མེད་པར་མུ་ནས་མུ་རུ་མཐུད་ཅིང་། ལོ་ཟླའི་འཁོར་སྐྱོད་དང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེང་གི་དུས་འདིར་སླེབས་པ་ན། དེ་ཉིད་ཚིག་གི་སྦྱོར་བ་དང་དོན་གྱི་སྙིང་བོས་འཁྱིལ་བའི་མཚོ་མོ་ཙམ་ཞིག་མ་ཡིན་པར། ངག་གི་སྒྱུ་རྩལ་གྱི་རླབས་ཕྲེང་ཁོ་ནས་ངེད་ཅག་ལ་རོལ་མྱོང་གི་དགའ་སྟོན་གྱ་ནོམ་པ་ཞིག་ཀྱང་ཕུལ་ཡོད་པས་ན། འདིར་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོས་འདས་པའི་ལོ་ངོ་གཅིག་གི་རིང་ལ་བོད་ཀྱི་རྩོམ་རིག་དང་སྒོས་སུ་གྱེར་འདོན་གྱི་ལས་དོན་རླབས་པོ་ཆེ་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་མཛད་འཕྲིན་བླ་ན་མེད་པ་བསྐྲུན་དང་སྐྲུན་མུས་ཡོད་པ་འདི་ལ་དུས་ནམ་ཡང་ཡི་རང་དང་བཀུར་བསྟི་བྱེད། དེ་དང་ལྷན་ཅིག་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བཙུགས་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཞོར་དུ་མ་འོངས་པའི་ལམ་ཁ་ཡངས་ནས་ཡངས་སུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུའོ།།
སྙན་ངག་པ་འབྲོང་ཕྲུག་ནས།
རྔམ་ཁ་ཅན་གྱི་ལྷུན་པོའི་རྩེ་མོས་ཁ་བ་དཀར་པོའི་ཞྭ་མོ་གྱོན་སོང་།།
ཆུ་ཕྲན་དྭངས་གསལ་ཤང་ཤང་རྒྱུ་བས་ཆུ་འདབས་ལྗོན་པའི་ར་ལག་བཀུག་བྱུང་།།
གྱ་གྱུའི་མགྲིན་དབྱངས་མཚོ་ལ་ཐིམ་པས་འདབ་ཆགས་དེ་དག་ནགས་ལ་བཞུད་སོང་།།
འོན་ཏེ་ཁེར་སྐྱེས་འཇོལ་མོ་ཁྱེད་རང་གྲེ་བ་སང་སང་སོས་ག་བསུས་ཡོང་།།
སྣེ་མང་སྤྱི་ཚོགས་ཆ་འཇོག་མེད་པ་གང་ལ་སོང་ན་འདྲ་འདྲ་ཡིན་འདྲ།།
སྣེ་མང་འཚོ་བའི་མེ་ལོང་སྔོན་པོ་ག་དུས་ཡིན་ཡང་གཡའ་ཡིས་མ་གོས།།
འཇོལ་མོ་ཁྱེད་རང་གྲེ་བ་བསལ་ཤོག་གདངས་སྙན་དབྱངས་ལ་འགགས་པ་མེད་ཤོག།
ཁྱེད་རང་གྲེ་འགྱུར་ཉམས་པ་མེད་ན་ནམ་ཞིག་བྱ་ཁྱུས་མཐའ་ནས་བསྐོར་ཡོང་།།
ཞེས་འཆི་མེད་ཀྱིས་གུས་ཕུལ།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
ཁྱེད་ཀྱིས་ང་ཡི་རྣམ་དཔྱོད་བཏེགས་ཏེ་ཆོལ་གསུམ་ཡུལ་ལ་གཡས་བསྐོར་བརྒྱབ་སོང་།
ཁྱེད་ཀྱིས་ང་ཡི་མགྲིན་པ་བཏེགས་ནས་ས་སྒང་རིལ་མོར་དཀྲིས་གསུམ་བྱས་སོང་།
དེ་བས། ངས་ཁྱེད་ལ་དུས་གསུམ་གྱི་མ་མ་ཞེས་བོས་ཡོད།
ཁྱེད་ཀྱིས་གསར་དུ་གྱེར་འདོན་ལ་ཕྱོགས་ཀྱིན་པའི་གཞོན་རབས་དག་ཁྲིད་དེ།
སྒྱུ་རྩལ་ཞིག་གི་ཞིང་ཁམས་བསྟན་སོང་།
ངག་རིག་ཅིག་གི་ཁ་དོག་བསྟན་སོང་། ཚོར་འདུ་ཞིག་གི་རླབས་རྒྱུན་བླུད་སོང་།
དེ་བས།
ཁྱེད་ནི་དུས་ཀྱི་ལམ་སྣ་འདྲེན་པའི་མ་མ་རེད།
བོད་སྐད་ཡིག་གི་སྲོག་ཤིང་འདེགས་པའི་དབྱངས་རྟ་རེད།
ངས་མགྲིན་པ་གཟེངས་སུ་བཏེགས་ནས་ཁྱེད་རང་ཁྲི་ལོར་ཤོག་ཅེས་འབོད་ངེས།
ཁྱེད་ཀྱིི་རུས་གསེང་ནས་ངས་ཕ་སྐད་མ་ཡིག་གི་བྲོ་བ་གསར་དུ་རྙེད་པས་ཡིན།
ཁྱེད་ཀྱི་གདངས་འགྲོས་ལས་ངས་མེས་པོའི་མགྲིན་ངག་གི་དྲན་པ་སླར་ཡང་སོས་པས་ཡིན།
ཁྱེད་ཀྱི་ཟིལ་ཤུགས་ལས་ངས་ཐོན་མིའི་རྣམ་དཔྱོད་ཀྱི་ཁ་དོག་གཞན་ཞིག་མཐོང་བས་ཡིན།
ཞེས་ཀྱེ་ཕུར་མཆོག་གསུམ་ནས།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་གཉེར་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་ཁ་ཤས།
སྤྱི་སྟེགས་འདི་ནི་བོད་གངས་ཅན་པའི་ཉག་ཕྲ་བའི་སྐད་ཡིག་གི་ལས་དབང་ལ་དོ་ཁུར་བྱ་བའི་སྤྱི་སྟེགས་ཤིག་ཡིན་ལ། སྤྱི་སྟེགས་འདིས་ངང་ངམ་ཤུགས་ཀྱིས་ལོ་རབས་ཤིག་གི་འགན་ཁུར་ཕྲག་ཏུ་ཁུར་སྟབས། དམིགས་ཡུལ་དང་ཚད་གཞི་མེད་པའི་སྤྱི་སྟེགས་གཞན་དག་ལས་འགོངས་དོན་དེ་ཡིན་ལ། སྤྱི་སྟེགས་འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྱེར་ཚིག་རྩོམ་པ་པོ་དག་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་གསུམ་བྱོ་ས་དང་། གྱེར་འདོན་པ་དག་གི་གསལ་དག་སྙན་གསུམ་གྱི་མགྲིན་པའི་རྩལ་ཤུགས་ངོམ་ས་ཡིན་པས་ཁ་གཡང་དང་ཟོལ་བཅོས་ཀྱིས་བསླུས་པའི་འཕྲིན་སྟེགས་གཞན་དང་མི་འདྲ་སའང་དེ་ཡིན། ཚེ་རབས་སུ་བསླངས་པའི་ལོ་རྒྱུས་ཀྱི་བདེན་པ་དང་དུས་རབས་ཤིག་གི་ངོ་གདོང་མཚོན་པའི་འཕྲིན་སྟེགས་འདི་བསྐལ་བརྒྱར་བརྟན་པར་ཤོག་ཅིག
ཞེས་གུས་པ་གཡག་གྲུ་གཟིངས་ཀྱིས།
འཆི་མེད།
སྣང་བ་བག་མེད་འཁོར་བའི་སྤྲིན་དཀར་གྱི་འདབ་མ། །
ངེས་མེད་འཕུར་ལྡིང་གར་གྱིས་སྟངས་སྟབས་རང་སྒྱུར་དུས། །
ཞེ་འདང་ཨ་ལོང་འཁྱིལ་བའི་མཚོ་མོ་དེའི་ངོགས་ན། །
དར་དཀར་འཇམ་པོའི་གཤིས་ཀྱི་གྲོགས་མོ་ཚོ་འཛུམ་ཡོད། །
ནགས་མ་ཤིག་ཤིག་དབེན་པའི་གནས་མཇལ་ལ་ཆས་ཏེ། །
རྨོ་མོ་བཞུད་སའི་མཐའ་ཡས་རི་གྲོང་ལ་ཧད་ནས། །
གཤོག་པའི་གར་སྟབས་མཐོན་པོའི་དབྱིངས་རིམ་ན་འཁྱུག་པའི། །
རྒོད་པོའི་འགྲོས་ལ་སེམས་ཀྱི་སྨོན་པ་ཞིག་ཤོར་སོང་། །
སྔོན་མོ་གཡུ་སྒྲོན་སྤྲུལ་བ་ཀོང་ཇོ་དང་ཁྲི་ལྕམ། །
ལབ་ཀྱི་སྒྲོན་མ་མྱང་ཚ་དཀར་རྒྱན་ནས་བཟུང་སྟེ། །
དཀར་སའི་རུས་པ་དམར་སའི་ཟུངས་ཁྲག་གི་ས་བོན། །
བདག་ལ་བགོས་སྐལ་གནང་བར་ངོ་གནོང་ཞིག་སྐྱེས་བྱུང་། །
གོས་དྲོད་ལུས་ཀྱིས་བྱིན་པ་གློ་བུར་དང་སྟེས་དབང་། །
ཞེ་འདོད་རྒྱུན་ཐག་རིང་བ་དཔྱད་དཔྱད་ཀྱི་འབྲས་བུ། །
འགྲུབ་དུས་མེད་པའི་འཁོར་བ་རང་ལག་གིས་བཟོས་པ། །
སུན་མེད་ཟད་མེད་སོར་མོ་དལ་དལ་གྱིས་འགུལ་སོང་། །
མེ་ལྕེ་ཐབ་ན་མཆེད་ཀྱང་སྣོད་འོག་ལས་མ་འདས། །
གཙང་པོ་ཤང་སྒྲ་མཐོ་ཡང་ཟམ་འོག་ནས་བཞུར་དགོས། །
ཆོས་ཉིད་དེ་ཡིས་མཚོན་པའི་ལས་དབང་ལ་མ་རྒོལ། །
མོ་སེམས་གུ་ཡངས་ཆེ་བའི་རྒྱུ་འབྲས་དང་འགལ་འགྲོ། །
ལྟོས་བཅས་རི་མོ་འབྲི་བའི་ཚོན་སྨྱུག་གི་རྩེ་མོ། །
ཡིད་ཀྱིས་མ་བསམས་གང་འདོད་བར་སྣང་ལ་འཁྱུག་མཁན། །
ས་ལ་ཀྲབ་ཀྲབ་བྱེད་པའི་སྲིན་ཆུང་གི་རྐང་རྗེས། །
གཉིས་མེད་མཁས་པའི་ཆོ་ལོ་སུ་ཞིག་གིས་སྩོལ་ཨང་། །
ཡངས་པའི་འཇིག་རྟེན་སྲིད་པའི་གཞིས་ཁྱིམ་གྱི་བདག་མོ། །
ང་ཡི་གྲོགས་མོ་འདི་དག་མཛེས་མཛངས་ཀྱིས་བརྒྱན་ཡོད། །
དབྱངས་གསལ་སོ་བཞིའི་ཕྲེང་རྒྱན་ལག་འོག་ནས་ཡལ་པའི། །
ཁེར་རྐྱང་སེམས་ཀྱི་མཐིལ་ལ་དྲོད་ཁོལ་ཅིག་གནང་ངམ། །
རྒྱང་རིང་དྲན་པའི་འཁྲི་ཤིང་ཡིད་ཡུལ་ནས་མ་བོར། །
ཉིན་མཚན་རྨི་ལམ་ཡོད་ཚད་དེ་ག་ལ་གཏད་ཡོད། །
སེམས་ཀྱི་བདེ་སྐྱིད་ཟེར་ན་དེ་འདྲ་ཞིག་ཨེ་རེད། །
འཁོར་བའི་སྙིང་པོ་ཟེར་པའང་དེ་འདྲ་ཞིག་ལགས་སམ། །
དྭངས་གཙང་བཞིན་གྱི་འཛུམ་ལས་ལྷད་མེད་ཀྱི་སེམས་པ། །
མ་བསྣོགས་བདག་ལ་སྩོལ་པའི་གྲོགས་མོ་རྣམས་བདེ་མོ། །
ས་གཞིའི་ཁུར་དུ་བསྐུར་པའི་འཇིག་རྟེན་འདིའི་བྱ་ལས། །
གྱེས་མཇལ་ཙམ་ཞིག་མ་ལགས་ལམ་སྣེ་དེ་རིང་ངོ་། །
དོན་གཉིས་སྐྲ་རྩེ་ཙམ་ཞིག་རྐང་རྗེས་ལ་མེད་པའི། །
ཐ་ན་རྣམ་འགྱུར་ཙམ་ཡང་མིག་ལམ་ལ་མེད་པའི། །
ཀུན་གྱི་ཐ་མ་འཆི་མེད་གློ་བུར་གྱི་དྲན་པ། །
ཡི་གེར་བཀོད་འདིས་ཁྱེད་ཅག་ཁོང་འཛུམ་རེ་འཆོར་ཤོག །
འཆི་མེད་ཀྱིས་གྲོགས་མོ་རྣམས་དང་གྱེས་ཁར་འཕྲལ་དུ་བྲིས།
རྩོམ་སྒྲིག་དང་ཇུས་འགོད་པ། ཁྱུང་སྲས་ཀུན་བཟང་།