ཟི་ལིང་། ཞི་བདེ་ཉི་མ།

文摘   文学   2024-09-06 14:48   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。



རོལ་དབྱངས་དང་ལྷན་དུ་སྙན་ངག་ལ་རོལ།

ཟི་ལིང་།

ཞི་བདེ་ཉི་མས་བརྩམས།

ཁང་རྩེག་གི་ནགས་ཚལ་ས་སྨུག་གི་འུར་ཟིང་ནང་སྐྱེས།

ངལ་དུབ་མེད་པའི་དམར་མདོག་གི་དབུགས་ལྒང་དག

གྲོང་ཁྱེར་གྱི་མྱོས་བུམ་བཞིན་འགུལ།

དབུགས་ལྒང་ངོས་ལ་རོ་ཙ་གསོ་བྱེད་ཀྱི་ཡིག་ཕྲེང་ཞིག་གཡོ།

བརྡ་ཁྱབ་ཀྱི་ཕྱི་ནང་དུ་ཕོ་མོ་མང་པོའི་མཇུག་མཐའི་འཚོ་བ་མཐོང་།

སྲང་ལམ་གྱི་གྲུ་ཕུག་ལས་བགྲེས་སོང་ཚོས་གནས་མལ་རྙེད།

སྐད་ངག་འདར་འདར་ཉི་འོད་ཀྱི་ལྷན་པའི་ནང་འཚང་།

མདུན་དུ་རླུང་རྩེ་སྣ་ཚོགས་བཙོན་ར་བཞིན་བསྒྲིགས

ནམ་མཁའ་མེད་པའི་བྱེའུ་དག་གིས་བདག་པོར་བལྟ་བཞིན།

སྲོལ་རྒྱུན་གྱི་ཟློས་གར་ཞིག་ལ་ལྷོད་ལྷོད་ཀྱིས་ཉན།

གླིང་ཀ་ཡི་བར་སྟོང་མིག་མང་གི་འཐབ་རས་སྙོམས།

མི་ཚེ་གཅིག་གི་གཡོ་ཟོལ་དེ་རྒྱོབས་སོད་ཀྱི་ཁྲོག་སྒྲས་གསོས།

ཚེ་མཇུག་གི་འཚོ་བ་དེ་དམར་པོ་ནས་སྐྱ་བོར་གྱུར།

རླངས་འཁོར་གྱིས་ཉི་འོད་གཤག་ནས་ཧྲལ་ཧྲུལ་དུ་བཟོས།

སློབ་བུ་གསུམ་ནས་མ་གྲོས་རང་འགྲིག་ངང་།

ཙོང་ཆུའི་ནང་གཅིན་པས་རང་ཉིད་དགའ་བའི་ཐ་སྙད་དེ་འབྲི།

ལམ་འགྲོ་བས་ལྟ་ཞིང་ལྟ་ཞིང་གདོང་ལ་འཛུམ་ཞིག་ཤར།

ཐ་མག་རྔུབ་འཕྲོ་ཐང་ལ་གཡུག་ཅིང་།

སྟེང་ལ་རྡོག་པས་ཅག་ཅག་ཅིག་བྱས།


ཐང་ཆེན་དུ་བོད་པ་འགས་རང་ཉིད་དར་ལྕོག་བཞིན་ཕྱར།

སྒོར་སྒོར་གྱི་བྲོ་ཞིག་འཁྲབ།

རྐང་བའི་འོག་དུ་རྩྭ་ཐང་ཞིག་བརྡལ།

ལག་པའི་རྩེ་རུ་སྤྲིན་དཀར་ཞིག་འཁོར།

ལན་རེར་རང་ཉིད་ནི་མེ་ལོང་ཞིག་ལོས་ཡིན་སྙམ་གྱིན།

རོལ་དབྱངས་ཀྱི་སྒྲ་ཇེ་དྲག་ལ་གཏོང་།

ལན་རེར་ཡིད་ཚིམ་པའི་ངང་རང་གི་གྲིབ་མར་ལྟ།


བརྙན་ཤེལ་ངོས་སུ་བོད་ཡུལ་ནི་ལྷ་སྒྲུང་བཞིན་ཤར།

རྟ་བ་དག་གིས་མེ་མདའ་མགོ་ལ་སྐོར་གྱིན།

རྟ་ཕོའི་རྨུག་བཞིའི་འོག་ནས་ཀི་སྒྲ་སྒྲོག

མདའ་བ་དག་གིས་རྡུལ་འཚུབ་ཁྲོད་རང་ཉིད་བོར།

ཕྲེང་བ་ཐོག་པའི་བོད་རིགས་སློབ་ཆེན་པ་དག

བརྙན་ཤེལ་གྱི་གཤམ་དུ་སྦྲང་ཐ་བཞིན་རུབ་ནས།

ཕྲེང་རྡོག་མྱུར་མྱུར་གྱིས་འདྲེན་གྱིན་རྐང་པས་ཐང་ལ་རྡེབ།

མགྲོན་པོ་དག་གིས་ཕན་ཚུན་ལ་ལྟ་བཞིན།

རང་ཉིད་ཀྱི་ངོ་གདོང་ལ་ཕུར་ཕུར་བྱེད།


གློག་འོད་བན་བུན་ཁྲོད།

བུད་མེད་ཀྱི་འཕོངས་ཚོས་གཡོ་ཞིང་འགུལ།

དབུགས་ལྒང་གི་ཟུར་གཅིག་ལས་ཟླ་བ་ཕྱེད་ཀ་ཞིག་མངོན།

གྲྭ་གཞོན་ཞིག་གིས་སྟོད་ཐུང་འོག་གི་ཤོག་སྒོར་ལ།

ཡང་ཡང་རེག་རེག་ཙམ་བྱེད།


ལྕེ་ལྷེབ་ནར་ནར་དུ་གཡུག་པའི་ཁྱི་ཀུ་ཞིག

བུད་མེད་རྒྱགས་པ་ཞིག་གི་ཉེ་གམ་དུ་རྒྱུགས།

ཉིན་མཚན་གྱི་དབྱེ་བ་ལ་དོ་སྣང་མེད་པར།

བདག་པོའི་སྟེང་དུ་སྙིང་ཉེ་ཉེ་ངང་ཟུག་ངུ་འབྱིན།

བུད་མེད་ཀྱི་གྲིབ་གཟུགས་ལའང་ལྡག་ལྡག་བྱེད།


ལྐོག་གཤོམ་གྱི་རླུང་བུས།

མི་ཚོགས་ལ་ལམ་སྣ་ཁྲིད།

ཁ་ཆེ་བའི་ལུག་ཤ་སྲེག་མས།

ཇོ་ཇོའི་བཤང་ལམ་སྣུམ་པོར་བཏངས་ཤིང་།

རྗེས་མར་ཕ་ཡུལ་ལ་སླེབས་དུས།

སྔོ་རྩྭ་དེ་ལའང་དུངས་དུངས་བྱེད་དགོས་སྙམ།


རླུང་འཁྱམ་གྱིས་དབུགས་སྒང་གསོ།

དབུགས་སྒང་གིས་གྲོང་ཁྱེར་གསོ།

མེ་མེད་པའི་ཁུ་བོ་དེས་ཅ་ཅོ་འདོན་བཞིན།

ཚེ་མཇུག་གི་སྒམ་ཆུང་དེ་ཁྱེར་ནས།

རང་ལུས་བཞུ་སའི་ལྕགས་ཐབ་དེ་འཚོལ།


སྡོང་ཆེན་གྱི་སྨྲེ་སྔགས་འོག་འཚོ་བ་ཚལ་བ་གཉིས་སུ་གས།

གས་སྲུབས་གཅིག་ལས་ལོང་བ་ཞིག་གིས་འཇིག་རྟེན་སྟོན།

གས་སྲུབས་གཅིག་ལས་གཞོན་ནུ་ཟུང་གིས་བརྩེ་དུང་བཅག་ནས།

ལྷོ་རིའི་རྩེ་ཡི་ཉི་མ་ཕྱེད་ཀ་དེར་དམ་བཅའ་བསྐྱོན།


གྲོང་ཁྱེར་སྒྲིག་མཁན་གྱི་ཨ་ཕས།

ཤོག་བྱ་ལེབ་མོ་ཞིག་གིས་བར་སྣང་ཉོས།

བུ་ཆུང་དག་གི་ཕོར་བའི་ངོས་སུ།

མིག་བཞི་ཅན་གྱི་མེས་པོ་ཞིག་གིས།

ལྐོག་ལྐོག་སུད་སུད་ཀྱིས་རླུང་ཞིག་འབོད།


གྱང་ངོས་ནས་ཉི་མ་འཚོལ་མཁན་དག

མཆོད་སྟེགས་ཀྱི་རྒྱབ་ལ་གཞའ་ནས་ལྐོག་དངན་ལེན།

ཤེས་ཡོན་པ་ཚོས་མིག་ཟུང་ལ་གད་དར་བྱེད་ཀྱིན།

ལུང་པ་ཞིག་གི་དགེ་སྐྱོན་སྐོར་ལ་ཤུགས་རིང་ནར་ནར་འབྱིན།

ནམ་མཁའ་སྐྱུག་ནས་ཙོང་ཆུའི་རུས་པ་མོག་མོག་ལ་བཟོས།

ལྕགས་ཀྱུའི་རྩེ་རུ་ཉ་འཛིན་པའི་ནང་ཁྲོལ་ལྷོག་ལྷོག་འགུལ།

གྲོང་ཁྱེར་གྱི་ལྕེ་ཐོག་ལས་སྦྲང་ཐའི་སྐད་སྒྲ་སྐྱེས།

ཕོར་བའི་ནང་གི་རླངས་པ་ལས་གཅུང་ནད་སྣ་ཚོགས་ངུ་།


བར་སྣང་ལས་མལ་བསྟན་ལེབ་མོ་དག་བརྡོལ་ནས།

མིའི་རིགས་ཀྱི་གཅིན་པ་ཤམ་ཤམ་དུ་འབབས།

ཉི་ཟེར་ལ་ངོ་གདོང་མེད་པར་དུས་ཚོད་ཀྱི་ལྐོག་གཡོའི་ཁྲོད་འཆར།

ལུག་ཁྱུའི་རུས་པ་ཡིས་རྡོ་བ་དག་ཡམ་ཡོམ་དུ་གཡོ་ཞིང་།

རྡར་སྐད་དཔའ་སྐད་མཉམ་བསྲེས་ཀྱི་ལུང་མདོ་འདི།

དེ་སྔོན་སུས་ཀྱང་བཞེངས་མྱོང་བའི་གྲོང་ཚོ་ཞིག

དེ་རིང་སུ་ཡང་ཡོང་གྱིན་པའི་གྲོང་ཁྱེར་ཞིག


གྲོང་ཁྱེར་འདིའི་རྒྱབ་ནི་ཏོ་ལུགས་པ་ཞིག་གི་རྔམས་པ་ཡིན།

གྲོང་ཁྱེར་འདིའི་མདུན་ནི་དགེ་ལུགས་པ་ཞིག་གི་དངན་པ་ཡིན།

གྲོང་ཁྱེར་འདི་ལ་ཙོང་ཁ་ཟེར།

གྲོང་ཁྱེར་འདི་ལ་སུམ་ལུང་ཟེར།

གྲོང་ཁྱེར་འདི་ལ་ཟི་ན་ཟེར།

གྲོང་ཁྱེར་འདི་ལ་ཞིས་ཉིན་ཟེར།


གྲོང་ཁྱེར་འདི་ལ་ཟི་ལིང་ཟེར།2019/3/16 ཉིན་བྲིས།

སྙན་རྩོམ་འདི་ནི་2019ལོའིམང་ཆུདུས་དེབ་ཀྱི་འདོན་ཐེངས་ལྔ་བའི་སྟེང་བཤུས་ཏེ་བཀོད། 

--བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།



རྩོམ་སྒྲིག་དང་ཇུས་འགོད་པ། ཁྱུང་སྲས་ཀུན་བཟང་།

藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章