དེ་རིང་ངས་སྤྲིན་དཀར་མཐོང་བྱུང་། དཔལ་མོའི་སྙན་ངག

文摘   文化   2024-06-09 15:51   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。



དེ་རིང་ངས་སྤྲིན་དཀར་མཐོང་བྱུང་།



རྩོམ་མཁན། |  དཔལ་མོ།


དེ་རིང་ངས་ཨ་སྔོན་དང་སྤྲིན་དཀར་མཐོང་བྱུང

ཡུན་རིང་ལ་བོར་བའི་དྭངས་གཙང་གི་ཁ་དོག་མཐོང་བྱུང

མཁའ་དབྱིངས་ཀྱི་སྤྲིན་དཀར་མཐོང་བས

ཕ་ཡུལ་གྱི་ལུག་ཁྱུ་དྲན་བྱུང

དེ་རིང་བག་ལྷོད་པོར་རྒྱུ་བའི་སྤྲིན་དཀར་ལེབ་མོ་འདི་དག

ཕ་ཡུལ་གྱི་ནམ་མཁའ་ནས་འཕྱུར་མྱོང་བའི་ཆུ་འཛིན་མིན་ནམ

བྱ་ཆེན་གྱི་གཤོག་ཟུང་བརྐྱངས་འདྲའི་ཤར་གྱི་སྤྲིན་དཀར

གླང་ཆེན་གྱི་སྣ་ཞགས་གུག་འདྲའི་ནུབ་ཀྱི་སྤྲིན་དཀར

ཨ་ཕས་ལུག་བལ་བྲེགས་ཏེ་སྤུངས་འདྲའི་ལྷོ་ཡི་སྤྲིན་དཀར

ཨ་མས་ཞོ་གསར་བསྙལ་ཏེ་ཆགས་འདྲའི་བྱང་གི་སྤྲིན་དཀར


སྤྲིན་དཀར་གྱི་ཚོམ་བུ་སྦྲ་ནག་གི་ཁ་ཚུབ་ལས་བཞད་དེ

སེམས་ཀྱི་མཁའ་དབྱིངས་ལ་སིལ་སིལ་བབས་འོངས

ཉི་འོད་ཀྱི་ངོགས་སུ་གཡོ་སྐྱོང་བྱེད་པའི

རི་ལུང་ཐང་གི་གཡང་དཀར་ལུག་ཁྱུར་འདྲེས་ཏེ

བདེ་སྐྱིད་ཀྱི་སྤང་ཁུགས་ལ་ལྷུང་ལྷུང་བཞུར་འོངས


དུང་མདོག་གི་སྤྲིན་དཀར

མཐིང་མདོག་གི་ནམ་མཁའ་

གསེར་མདོག་གི་ཉི་མ

གཡུ་མདོག་གི་ས་གཞི

ལག་རྩལ་ཉོ་མི་དགོས་པའི་རང་བྱུང་ལྷུན་གྲུབ་ཀྱི་ཚོན་རྩི་སྣ་ཚོགས

བདག་གི་བྱིས་བློར་ངང་གིས་བྱུགས་པའི་ཐ་སྙད་ཀྱི་ལོངས་སྤྱོད

ལོ་ན་དར་མའི་འཇིག་རྟེན་ནས་བོར་ཏེ་ཡུན་རིང་འགོར་སོང


ལག་ནག་ཅིག་གིས་ཨ་སྔོན་བསུབས་ཤིང་སྤྲིན་དཀར་བསྣོགས་ཏེ་

ནར་མ་སོན་པའི་བྱིས་པ་ཚོའི་སེམས་པ་ལོང་བར་བསྒྱུར་པས

ཁོ་ཚོས་ལོང་ཞར་གནམ་སྟོན་གྱི་བརྟུལ་ཞུགས་འཛིན་པ་ལས

ཨ་སྔོན་དང་སྤྲིན་དཀར་གྱི་ཁ་དོག་མཐོང་མ་མྱོང་ལ་བརྗོད་ཀྱང་མི་ཤེས

བྱིས་པ་ཚོ་ལག་ཆགས་པའི་གོ་རིམ་ཁྲོད་ཡུན་གྱིས་ལྐུགས་པར་གྱུར

འདི་ནི་ཕ་ཡུལ་གཏན་ནས་དྲན་མི་སྲིད་པའི་བརྗེད་ཆུ་རེད


དེ་རིང་ཨ་སྔོན་དང་སྤྲིན་དཀར་གྱི་ཁ་དོག་མཐོང་བྱུང

དྭངས་གཙང་ཕ་ཡུལ་གྱི་བརྩེ་བ་དང་དྲོད་ཁོལ་རེག་བྱུང

ངའི་སེམས་པས་གཤོག་ཟུང་བརྐྱངས་ཏེ་བསིལ་ལྡན་ཡུལ་ལ་འཕུར

དྲི་བཞོན་རླུང་གིས་སྐྱོད་ཀྱིན་དལ་གྱིས་ཕེབས་འོང་བའི

གདུགས་ལྟར་མཛེས་པའི་དབྱར་གཞུང་གི་ཆུ་འཛིན་ཕོན་པོ་ཞིག

ང་དང་ངའི་ཆུང་འདྲིས་རྩེད་རོགས་ཚོའི་སྟེང་ན་རྣམ་པར་བཞད་འདུག

ང་ཚོས་མཉམ་དུ “ཨ་ཁུ་ཉི་མ་དྲོ་དྲོ” ཞེས་ཤེད་ཀྱིས་བོས


《ཕ་ཡུལ》ལ་ཉན་ཐེངས་རེར་ཕ་ཡུལ་གྱི་ཡོད་ཚད་དྲན་ཡོང

གཟུགས་མེད་ཀྱི་བང་མཛོད་ཆེན་པོ་དེའི་ཉམས་རྒུད་དྲན་ཡོང

གཉེན་ཉེ་སྤུན་ཟླ་ཚོའི་ཐབས་ཟད་འུ་ཐུག་གི་ངོ་གདོང་དྲན་ཡོང

སྐྱེས་དཔུང་རྫོགས་མ་ནུས་པའི་རྩྭ་ཕྲན་དག་གི་ལས་དབང་དྲན་ཡོང


ཕ་ཡུལ་གྱི་རི་ཆུ་སྤང་ཐང་བཞིན་འགྱུར་ཉེན་ཆེ་བའི་སྤྲིན་དཀར

དུས་ནམ་ཞིག་མ་འོངས་ལོ་རྒྱུས་ཀྱི་གླེགས་བམ་དུ་འཁོད་ཚེ

བུ་རྒྱུད་ཚོས་ཕ་ཡུལ་དང་ཕ་ཡུལ་གྱི་ཁ་དོག་ངོས་ཟིན་ནམ

རེ་སྨོན་དང་སེམས་ཚེགས་ལ་འདྲེས་པའི་ཕ་ཡུལ་གྱི་སྤྲིན་དཀར

ཚེ་སྲོག་གི་རྒྱལ་སྲིད་མ་ཉམས་བར་དུ་བརྗེད་མི་ཐུབ་པའི་ཁྱོད་རང


༢༠༡༠ ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ་ལས་བདམས།

---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

རིགས་ཀྱི་བླ་སྲོག་སྦྲུམ་པའི་སྙན་འཇེབས་ངག  །

ངག་ཏུ་གྱེར་བའི་ཤེས་ལྡན་གཞོན་ནུའི་ཁྱུ།།

ཁྱུ་མཆོག་ཇི་བཞིན་གདོང་དམར་སྣེ་དྲངས་ཏེ།།

ཏེ་བོའི་གནས་སུ་འཕགས་ལ་སོམ་ཉི་ཅི།།

བོད་ཀྱི་སྙན་ངག་པ་གྲགས་ཅན་ལྡོང་ཕྲུག་ནས།


སྙན་འཇེབས་ངག་གི་གདངས་དབྱངས་འདི་ན་འཁྱིལ།།

གསལ་དག་དབྱངས་ཀྱི་ཟིལ་ཤུགས་འདི་ན་རྫོགས།།

ཚོར་བས་མི་སེམས་འཕྲོག་པའི་ངག་གི་འཕྲུལ།།

བོད་ཀྱི་གྱེར་འདོན་སྒྱུ་རྩལ་དར་བར་ཤོག།


     བོད་ཀྱི་གྱེར་འདོན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་ནས།


གསལ་དག་སྙན་པའི་གདངས་དབྱངས་གྲོགས་སུ་ཁྱེར།།

ཆགས་སྡང་སྒྱུ་རྩལ་རྣམ་ཤེས་སྲོག་ཏུ་ཞུགས།།

གངས་ལྗོངས་མགྲིན་ངག་འབར་བའི་རྟེན་འབྲེལ་དུ།།

བོད་ཀྱི་གྱེར་འདོན་སྤྱི་སྟེགས་བྱོན་པ་ལེགས།།


བོད་ཀྱི་སྙན་སྒྲོན་པ་གྲགས་ཅན་དབྱངས་ཅན་ནས།


 དེ་ཡང་། མེས་པོ་དམ་པ་གོང་མ་དག་གི་བློ་གྲོས་ཀྱི་མྱུ་གུ་ལས་འཁྲུངས་པའི་རྩོམ་རིག་གི་གཙང་བོ་འདིའི་བཞུར་རྒྱུན་ཉམས་པ་མེད་པར་མུ་ནས་མུ་རུ་མཐུད་ཅིང་།  ལོ་ཟླའི་འཁོར་སྐྱོད་དང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེང་གི་དུས་འདིར་སླེབས་པ་ན།  དེ་ཉིད་ཚིག་གི་སྦྱོར་བ་དང་དོན་གྱི་སྙིང་བོས་འཁྱིལ་བའི་མཚོ་མོ་ཙམ་ཞིག་མ་ཡིན་པར།  ངག་གི་སྒྱུ་རྩལ་གྱི་རླབས་ཕྲེང་ཁོ་ནས་ངེད་ཅག་ལ་རོལ་མྱོང་གི་དགའ་སྟོན་གྱ་ནོམ་པ་ཞིག་ཀྱང་ཕུལ་ཡོད་པས་ན།  འདིར་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོས་འདས་པའི་ལོ་ངོ་གཅིག་གི་རིང་ལ་བོད་ཀྱི་རྩོམ་རིག་དང་སྒོས་སུ་གྱེར་འདོན་གྱི་ལས་དོན་རླབས་པོ་ཆེ་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་མཛད་འཕྲིན་བླ་ན་མེད་པ་བསྐྲུན་དང་སྐྲུན་མུས་ཡོད་པ་འདི་ལ་དུས་ནམ་ཡང་ཡི་རང་དང་བཀུར་བསྟི་བྱེད།  དེ་དང་ལྷན་ཅིག་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བཙུགས་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཞོར་དུ་མ་འོངས་པའི་ལམ་ཁ་ཡངས་ནས་ཡངས་སུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུའོ།།


སྙན་ངག་པ་འབྲོང་ཕྲུག་ནས།


རྔམ་ཁ་ཅན་གྱི་ལྷུན་པོའི་རྩེ་མོས་ཁ་བ་དཀར་པོའི་ཞྭ་མོ་གྱོན་སོང་།།

ཆུ་ཕྲན་དྭངས་གསལ་ཤང་ཤང་རྒྱུ་བས་ཆུ་འདབས་ལྗོན་པའི་ར་ལག་བཀུག་བྱུང་།།

གྱ་གྱུའི་མགྲིན་དབྱངས་མཚོ་ལ་ཐིམ་པས་འདབ་ཆགས་དེ་དག་ནགས་ལ་བཞུད་སོང་།།

འོན་ཏེ་ཁེར་སྐྱེས་འཇོལ་མོ་ཁྱེད་རང་གྲེ་བ་སང་སང་སོས་ག་བསུས་ཡོང་།།


སྣེ་མང་སྤྱི་ཚོགས་ཆ་འཇོག་མེད་པ་གང་ལ་སོང་ན་འདྲ་འདྲ་ཡིན་འདྲ།།

སྣེ་མང་འཚོ་བའི་མེ་ལོང་སྔོན་པོ་ག་དུས་ཡིན་ཡང་གཡའ་ཡིས་མ་གོས།།

འཇོལ་མོ་ཁྱེད་རང་གྲེ་བ་བསལ་ཤོག་གདངས་སྙན་དབྱངས་ལ་འགགས་པ་མེད་ཤོག།

ཁྱེད་རང་གྲེ་འགྱུར་ཉམས་པ་མེད་ན་ནམ་ཞིག་བྱ་ཁྱུས་མཐའ་ནས་བསྐོར་ཡོང་།།



ཞེས་འཆི་མེད་ཀྱིས་གུས་ཕུལ།


བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

ཁྱེད་ཀྱིས་ང་ཡི་རྣམ་དཔྱོད་བཏེགས་ཏེ་ཆོལ་གསུམ་ཡུལ་ལ་གཡས་བསྐོར་བརྒྱབ་སོང་། 

ཁྱེད་ཀྱིས་ང་ཡི་མགྲིན་པ་བཏེགས་ནས་ས་སྒང་རིལ་མོར་དཀྲིས་གསུམ་བྱས་སོང་། 

དེ་བས། ངས་ཁྱེད་ལ་དུས་གསུམ་གྱི་མ་མ་ཞེས་བོས་ཡོད། 

ཁྱེད་ཀྱིས་གསར་དུ་གྱེར་འདོན་ལ་ཕྱོགས་ཀྱིན་པའི་གཞོན་རབས་དག་ཁྲིད་དེ། 

སྒྱུ་རྩལ་ཞིག་གི་ཞིང་ཁམས་བསྟན་སོང་། 

ངག་རིག་ཅིག་གི་ཁ་དོག་བསྟན་སོང་། ཚོར་འདུ་ཞིག་གི་རླབས་རྒྱུན་བླུད་སོང་། 

དེ་བས། 

ཁྱེད་ནི་དུས་ཀྱི་ལམ་སྣ་འདྲེན་པའི་མ་མ་རེད། 

བོད་སྐད་ཡིག་གི་སྲོག་ཤིང་འདེགས་པའི་དབྱངས་རྟ་རེད། 

ངས་མགྲིན་པ་གཟེངས་སུ་བཏེགས་ནས་ཁྱེད་རང་ཁྲི་ལོར་ཤོག་ཅེས་འབོད་ངེས།

ཁྱེད་ཀྱིི་རུས་གསེང་ནས་ངས་ཕ་སྐད་མ་ཡིག་གི་བྲོ་བ་གསར་དུ་རྙེད་པས་ཡིན། 

ཁྱེད་ཀྱི་གདངས་འགྲོས་ལས་ངས་མེས་པོའི་མགྲིན་ངག་གི་དྲན་པ་སླར་ཡང་སོས་པས་ཡིན། 

ཁྱེད་ཀྱི་ཟིལ་ཤུགས་ལས་ངས་ཐོན་མིའི་རྣམ་དཔྱོད་ཀྱི་ཁ་དོག་གཞན་ཞིག་མཐོང་བས་ཡིན།


ཞེས་ཀྱེ་ཕུར་མཆོག་གསུམ་ནས།

  བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་གཉེར་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་ཁ་ཤས།  

སྤྱི་སྟེགས་འདི་ནི་བོད་གངས་ཅན་པའི་ཉག་ཕྲ་བའི་སྐད་ཡིག་གི་ལས་དབང་ལ་དོ་ཁུར་བྱ་བའི་སྤྱི་སྟེགས་ཤིག་ཡིན་ལ།   སྤྱི་སྟེགས་འདིས་ངང་ངམ་ཤུགས་ཀྱིས་ལོ་རབས་ཤིག་གི་འགན་ཁུར་ཕྲག་ཏུ་ཁུར་སྟབས།  དམིགས་ཡུལ་དང་ཚད་གཞི་མེད་པའི་སྤྱི་སྟེགས་གཞན་དག་ལས་འགོངས་དོན་དེ་ཡིན་ལ། སྤྱི་སྟེགས་འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྱེར་ཚིག་རྩོམ་པ་པོ་དག་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་གསུམ་བྱོ་ས་དང་།   གྱེར་འདོན་པ་དག་གི་གསལ་དག་སྙན་གསུམ་གྱི་མགྲིན་པའི་རྩལ་ཤུགས་ངོམ་ས་ཡིན་པས་ཁ་གཡང་དང་ཟོལ་བཅོས་ཀྱིས་བསླུས་པའི་འཕྲིན་སྟེགས་གཞན་དང་མི་འདྲ་སའང་དེ་ཡིན།   ཚེ་རབས་སུ་བསླངས་པའི་ལོ་རྒྱུས་ཀྱི་བདེན་པ་དང་དུས་རབས་ཤིག་གི་ངོ་གདོང་མཚོན་པའི་འཕྲིན་སྟེགས་འདི་བསྐལ་བརྒྱར་བརྟན་པར་ཤོག་ཅིག     



ཞེས་གུས་པ་གཡག་གྲུ་གཟིངས་ཀྱིས། 


 ངག་རིག་དབྱངས་ཀྱི་སྡིངས་ཆ།


—བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ཤར་གཏོང་བྱས་ཏེ་མི་ལོ་གཉིས་འཁོར་བར་རྟེན་འབྲེལ་ཞུ།


བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

ཕ་སྐད་ཀྱི་སྨྲ་ལྕེ་རྒོད་པོའི་འབབ་སྟེགས་དང་བོ།

ངག་གི་གདངས་ལས་སྡེབས་སྦྱོར་ཅན་གྱི་ཡི་གེ་འགའ་དབྱངས་འགྲོས་སུ་བསྐྱོན།

སེམས་འདུན་གྱི་ཚོར་བ་དྭངས་མོ་མགྲིན་སྦུག་ནས་ལྷོད་ལྷོད་ངང་།  

དལ་བུའི་དབྱངས་དང་མཐོ་དམའི་གདངས།

ཚིག་གི་དོན་སོགས་རོལ་མོའི་དབྱངས་སུ་གཅུད།

དེ་ནི་དྲན་ངོགས་ཀྱི་རི་མོ་རིས་སུ་ཕབ་པའི་ལོ་ཟླ་གསར་བ་ཞིག

ན་གཞོན་སྙིང་རུས་ཅན་ཞིག་གིས་ལྗིད་ཏིག་ཏིག་ཏུ་ཕྲག་ཞེང་ལ་ཁུར།

དེ་ནི་དུས་གསར་གྱི་སྟེགས་བུ་རུ་སྤར་བའི་ལང་ཚོའི་ཞབས་རྗེས་ཡིན་ལ།

རིགས་ཞེན་གྱི་མགྲིན་ངག་ལས་འཕོས་པའི་དབྱངས་རྟའི་ཕོ་ཉའང་ཡིན།


བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།

ཆོལ་གསུམ་ངག་རིག་སྒྱུ་རྩལ་གྱི་སྡིངས་ཆ་གྲུ་བཞི།

དཀའ་བ་དང་སྡུག་ཡུས་ཀྱི་དུས་ཚོད་སྤོབས་པས་བགྲང་ཞིང་།

ཕ་སྐད་གཙང་མའི་དགེ་མཚན་གླུ་རུ་གྱེར་ཏེ་མི་ལོ་གཉིས་སོང་ཟིན།


ཀ་ཁ་ག་ངའི་གཤོག་ཟུང་གི་བསྐྱོད་ཡ་ཡངས་མོ།

ཨི་ཨུ་ཨེ་ཨོའི་ཚེ་སྲོག་གི་རྒྱབ་རི་བཀན་མོ། 

ན་ནིང་ཁྱོད་ཀྱི་རླུང་རྟ་གངས་རིའི་རྩེ་ནས་གཡོས།

ད་ལོར་ཁྱོད་ཀྱི་ཕུགས་བསམ་རྒྱ་མཚོའི་འཇིངས་ལས་ཟབ།

ཁ་སང་ཁྱོད་ཀྱི་ས་བོན་ས་ནག་ཞིང་ལ་བཏབ་ཀྱང་།

ད་ལོར་ཁྱོད་ཀྱི་འབྲས་བཟང་གངས་རིའི་རྒྱན་དུ་སྨིན་ཡོད།

དུས་རབས་གསར་བའི་མཁའ་དབྱིངས་སུ་མཆེད་པའི་ངག་རིག་གི་སྐར་མདའ།

འོད་ཀྱི་ལེར་ཁྲ་ལམ་མེར་གཟིམ་པ་མེད་པར་རྟག་བརྟན་ཡུན་རིང་དུ་འཚེར་གྱུར་ཅིག

  

ཅེས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་གཙོ་སྐྱོང་བ་ཁྱུང་སྲས་ཀུན་བཟང་ལགས་ཀྱི་རེ་འདོད་དུ་ངག་རིག་སྨྲ་བ་ཁ་གྱའི་ཁྱུང་སྔོན་གྱིས་༢༠༡༩/༣/༨/ལ་རི་དྭགས་གཙོད་ཀྱི་རྟགས་མཚན་གྱིས་བརྒྱན་པའི་མཐོ་སྒང་གི་གྲོང་ཁྱེར་དེ་རུ་བྲིས།


མྱི་བརྒྱ་ཐུབ་པའི་ཁྲོམ་ཟིལ་གྱིས་རླུང་འཕྲིན་འཁྲབ་གཞུང་གི་ལྟད་མོ་གངས་རིར་ཕུལ་ཞིང་གངས་རིའི་སྙན་ངག་གི་རྣམ་ཤེས་སྲོག་ཏུ་སྦྲུམ་མཁན་ཏེ། རང་རེའི་བསིལ་མོ་ལྗོངས་ཀྱི་མདོ་འཛིན་པ་དང་རྩོམ་པ་པོ་གྲགས་ཅན་རུས་པ་ལགས་ཀྱིས་ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བགྲང་བྱ་གཉིས་ལ་སོན་པར་སྐྱེས་སུ་བསྟམས་པའི་ནོམ་པ་གང་དེ་འདི་ལྟ་ལགས་ཏེ།


བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བསྟབས་པ།

ཁ་རྩང་དེ་རིང་གི་བོད་ཀྱི་གཞས་གསར་སྣ་ཚོགས་དང་ཡང་སྒོས་རྩོམ་རིག་གསར་བའི་མི་དང་བརྩམས་ཆོས་ཀྱི་སྒྲོམ་གཞི་ཁ་ཆག་སྣ་རལ་དུ་འགྱུར་གྱིན་པའི་སྨུག་པ་ལྟ་བུའི་སྣང་ཚུལ་མོག་མོག་དེར། ཁོ་བོས་སྔར་མུས་བཞིན་སྐྱོ་གར་གྱི་རྣམ་འགྱུར་ཅིག་བཟུང་ཡོད། དེ་ལྟར་ཟད་ཀྱང་རྗེས་སུ་ཡི་རང་གི་དམིགས་པ་མ་དོར་བའི་ཡིད་སྨོན་གྱི་སྣང་ཚུལ་རེ་འགའ་ཡང་མཆིས་ཏེ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་མངའ་རིས་དེ་དག་ཁྲོད་ཀྱི་སྙན་ངག་ངག་གི་གྲོང་ཚོ་ཅིག་ཡིན།  རེ་བ་ནི་གྱེར་འདོན་སྤྱི་སྟེགས་ཆེན་མོ་འདིས་ནི་རྣམ་ཀུན་གླུ་བརྒྱ་གདངས་གཅིག་གི་གྱེར་འདོན་ལ་བསལ་ལེན་དང་། རྗོད་བྱེད་ཚིག་གི་སྙན་ཆ་ལ་བོད་རང་གི་སྒྲ་སྙན་གྱི་དྲི་ངད་ལྡང་ཞིང་བརྗོད་བྱ་དོན་གྱི་འགྲེམ་སྟངས་ལ་མི་རིགས་ཀྱི་བདེ་སྡུག་མངོན་པར་གསལ་བའི་ལེགས་རྩོམ་དག་ལ་ཁམས་བཅུད་ལྡན་པའི་གཤིན་ས་ལེགས་པོ་ཞིག་བསྐྲུན་ཏེ། བོད་ཀྱི་སྙན་ངག་གསར་བའི་ཕོ་བྲང་གི་རྔམ་བརྗིད་འདེགས་པའི་གསེར་གྱི་གདུང་མ་ཞིག་ཏུ་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས།       ཞལ་དྲོ།

                                        

ཞེས་སྙན་ངག་པ་རུས་པར་འབོད་པས་གནའ་མཁར་ཟི་ལིང་ནས་ཕུལ།

དེ་ཡང་གཞན་ཡིད་རྒྱ་མཚོའི་ཀློང་གི་ཐོས་བསམ་ནོར་བུ་ལེན་པའི་ཐབས་མཁས་ཏེ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་བྱམས་པ་རྡོ་རྗེ་ལགས་ཀྱིས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བགྲང་བྱ་གཉིས་ལ་འཁོར་བའི་གཏམ་སྙན་གྱི་ཅོང་སྒྲ་ཐོས་འཕྲལ་དགའ་མགུའི་སེམས་ཀྱི་མཆོད་པ་ཕུལ་བའི་ལྷག་བསམ་སྤྲིན་གྱི་རང་མདངས་གཤམ་གསལ་ལྟར།

གསལ་དག་སྙན་གསུམ་ཁྱེད་ཀྱི་ཁྱད་ཆོས་ཡིན།།

བདེན་བྱམས་མཛེས་གསུམ་ཁྱེད་ཀྱི་ཡོན་ཏན་ཡིན།།

རྒན་དར་གཞོན་གསུམ་ཁྱེད་ཀྱི་རྒྱབ་དཔུང་ཡིན།།

མདོ་དབུས་ཁམས་གསུམ་ཁྱེད་ཀྱི་ཡོད་ཚད་ཡིན།།

འདིར་བོད་ཀྱི་གྱེར་འདོན་འཕྲིན་སྟེགས་ཆེན་མོ་ལེགས་གྲུབ་བྱུང་ནས་བགྲང་བྱ་གཉིས་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག  ཕ་སྐད་སྙན་ངག་གྱེར་འདོན་ཡག་ཐོག་ཡག་རྩེགས་དང་། ཤ་ཐོག་མར་རྩེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།


ཞེས་ཁམས་སྐད་མདོ་འཛིན་པ་བྱམས་པ་རྡོ་རྗེས་གྲོང་ཁྱེར་པད་མ་ཅན་ནས་གུས་ཕུལ།


དུར་ཁྲོད་སྙན་ངག་པའི་མཚན་ཉིད་ཅན། སྙན་ངག་པ་གྲགས་ཅན་གངས་བུ་འབྲུག་ལྗང་དུ་འབོད་པས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་བགྲང་བྱ་གཉིས་ཀྱི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་འབྱུང་བའི་ལྷ་དར་དཀར་པོ་ཞིག་གི་དོད་དུ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་ཕུལ་བ། 


སྒྲ་དང་དབྱངས་ཀྱི་ང་རོ།ཕ་སྐད་གཙང་མའི་་མཆོད་པ།ངག་རིག་ཤུལ་བཞག་ནོར་བུ།བླ་སྲོག་གི་སྒོ་མོ་འབྱེད་པའི་ལྡེ་མིག མི་རབས་རྗེས་མའི་རྣམ་ཤེས་འདྲེན་པའི་དབྱངས་རྟ། རི་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ལ་གསོན་ཤུགས་ཀྱི་སྟོབས་སྐྱེད་ནུས་པའི་སྨྲ་བའི་འབབ་སྟེགས། སྐལ་བཟང་ངག་གི་སྒྲོན་མེ།ནམ་ཡང་ཉམས་པ་མེད་པར་ཤོག  བཀྲ་ཤིས་བདེ་ལེགས།

ཞེས་དུར་ཁྲོད་སྙན་ངག་པ་འབྲུག་ལྗང་དུ་འབོད་པས་ཟླ་ཚེས་བཟང་བོར་བྲིས།


བར་སྣང་རླུང་འཕྲིན་གྱི་ལས་དོན་ཁུར་དུ་བཞེས་ཏེ་ཁུ་བྱུག་མགྲིན་ངག་གི་གྲེ་འགྱུར་སྙན་མོས་རི་ཁ་བའི་ལྗོངས་ཀྱི་སྙན་དབང་བསུས་མྱོང་བའི་མདོ་འཛིན་པ་གྲགས་ཅན་བསོད་ནམས་ལྷ་མོས་ངེད་སྤྱི་སྟེགས་ལ་བྲིས་པའི་སྙན་འགྱུར་ངག་གི་མཆོད་པ་གཤམ་ལྟར།


གྱེར་གྱེར་སེམས་ཀྱི་གྱེར་དབྱངས་དགའ་སྐྱོ་ཆགས་སྡང་གསལ་བས་བྲང་ཁོག་ཟབ།།

འདོན་འདོན་ངག་གི་འདོན་རྟ་གསལ་དག་སྙན་གསུམ་འཛོམས་པའི་ངག་སྒོ་ཡངས།།

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་ལོ་འཁོར་གཉིས་ཀྱི་སྐྱེས་སྐར་ལ་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག།  འབྱུང་འགྱུར་གྱི་ལོ་ཟླའི་ནང་ཡར་ངོའི་ཟླ་ལྟར་འཕེལ་ཏེ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་འགྱུར་བར་སྨོན།


ཞེས་མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་བསོད་ནམས་ལྷ་མོས་བྲིས་པའོ།


ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ། ཕ་སྐད་གློག་བརྙན་འཁྲབ་སྟོན་པ་ཨ་རིག་མཐོང་གྲོལ་ལམ་སྒྲོལ་མ་སྐྱབས་ལགས་ཀྱིས་ཀྱང་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་གཉེར་ནས་ལོ་འཁོར་གཉིས་ལོན་པར་བཀྲ་ཤིས་པའི་སྨོན་ཚིག་ཏུ་འདི་ལྟ་སྟེ།


ལྷག་བསམ་འོ་མའི་རང་མདངས་གངས་ཅན་ཁ་བའི་ལྗོངས་ལ་གཏོར།།

ཕ་སྐད་གཙང་མའི་མགྲིན་ངག་རང་བྱུང་སེམས་ཀྱི་གསོས་སུ་སྨིན།།

བཅུ་ཕྲག་རིག་པའི་འབྲས་བུ་དཔྱོད་ལྡན་པ་ཡི་ངག་ལས་མཆེད།།

གྱེར་འདོན་སྤྱི་སྟེགས་འདི་ཉིད་དུས་སུ་བབས་པའི་ཆར་དང་མཚུངས།། 


 ཞེས་མདོ་འཛིན་པ་སྒྲོལ་མ་སྐྱབས་སམ་ཨ་རིག་མཐོང་གྲོལ་དུ་འབོད་པས་བྲིས།



དུས་ཚོད་ནི་མིག་ལྡེབ་པ་ཙམ་གྱིས་ཁ་རོག་གེར་བཞུད་འགྲོ།

སྙན་སྒྲོན་པ། བཀྲ་ཤ

ས་དབང་ཕ  



主播 |  央金

        

དུས་ཚོད་ཀྱི་གོམ་སྟབས་ལ་སྒྲ་མེད་པས། དེས་ནམ་ཡང་ངའི་ཛ་དྲག་ཆེ་བའི་ལས་དོན་དག་མི་སྒུག་པར་བུད་འགྲོ།                                                                 

ཧྲ་ཧྲི་པི་ཡ།

 སྐུ་ཞབས་ཧྲ་ཧྲི་པི་ཡ威廉·莎士比亚ནི་སྤྱི་ལོ1564.4.23ཉིན་སྐུ་འཁྲུངས་ཤིང་། སྤྱི་ལོ1616.4.23ཉིན་སྐུ་གཤེགས། ཁོང་ནི་དབྱིན་ཇིའི་རྩོམ་རིག་ལོ་རྒྱུས་ཁྲོད་ཕུལ་བྱུང་འཁྲབ་གཞུང་རྩོམ་པ་པོ་དང་། ཡོ་རོབ་རིག་རྩལ་བསྐྱར་དར་སྐབས་ཀྱི་ཆེས་གལ་ཆེན་གྱི་མི་སྣ་ཞིག་ཡིན། མ་ཟད་མི་ཆོས་རིང་ལུགས་པའི་རྩོམ་རིག་སྙིང་བཅུད་གཅིག་བསྡུ་བྱེད་མཁན་དང་མཛམ་གླིང་ཐོག་ཆེས་ཕུལ་ཏུ་བྱུང་བའི་རྩོམ་རིག་པ་ཞིག་ཡིན།

དུས་ཚོད་ནི་འགྲོ་བ་མིའི་ཚེ་སྲོག་གནས་སྟངས་ཀྱི་རྣམ་པ་ཞིག་རེད། དུས་ཚོད་དང་ཚེ་སྲོག་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། དུས་ཚོན་ཆུད་ཟོས་སུ་སོང་ན་ཚེ་སྲོག་རེ་སྟོང་དུ་འགྱུར་ལ།  ཚེ་སྲོག་ཆུད་ཟོས་སུ་སོང་ན་དུས་ཚོད་ཀྱང་དོན་མེད་དུ་འགྲོ་བ་ཡིན།

དུས་ཚོད་ནི་ཆེས་རིང་བའི་དངོས་པོ་ཞིག་ཡིན་ལ། དེ་ལ་ཐོག་མ་དང་མཐའ་མའི་དབྱེ་མཚམས་མེད་པ་རེད། གསར་སྐར་འབར་གས་ལས་སྐར་ཚོགས་བྱུང་པ་དང་།  གོ་ལར་གཙང་པོ་ཆགས་པ། ས་གཞིར་ཚེ་སྲོག་གི་མྱུ་གུ་འབུས་པ་དང་།  གདོད་མའི་ནགས་ཚལ་ལས་མིའི་འགྲོ་བ་ཐོན་པ་སོགས་ཅི་འདྲའི་འགྱུར་བ་ཞིག་བྱུང་ཡང་། དུས་ཚོད་ནི་ད་དུང་རྒས་མི་འདུག སྔོན་སོང་གི་དུས་ཚོད་ལ་མཚོན་ན་ཅི་ཙམ་ཞིག་བཞུད་སོང་པ་མི་ཤེས་མོད།  འོན་ཀྱང་ཕྱིས་འབྱུང་གི་དུས་ཚོད་ལ་རྫོགས་མཐའ་ཁྱོན་ནས་མེད།

ཡང་དུས་ཚོད་ནི་ཆེས་ཐུང་བའི་དངོས་པོ་ཞིག་ཡིན་ལ། ཁྱོད་ཀྱིས་ཡིག་ཕྲེང་འགའ་བཀླགས་པར་དུས་ཚོད་སྐར་མ་གཅིག་བཞུད་འགྲོ། དབུགས་རིང་ཞིག་བླངས་པས་དུས་ཚོད་སྐར་མ་ཕྱེད་ཙམ་མེད་འགྲོ། སློབ་ཁང་ནས་སྟོང་བསམ་ལ་གཡེང་སྐབས་དང་གྲོགས་པོ་དག་དང་མཉམ་དུ་དགོས་མེད་ཀྱི་གཏམ་གླེང་མང་པོ་བྱེད་སྐབས། གཞན་སྒྱིད་ལུག་ཅུང་ཙམ་དང་མིག་ལྡེབ་པའི་དུས་ཡུན་ཙམ་ལ་དུས་ཚོད་མང་པོ་ཞིག་ཁྱོད་ཀྱི་འགྲམ་ནས་ཁ་རོག་གེར་བཞུད་ཟིན། འོག་ནས་བཤད་པའི་གཏམ་རྒྱུད་ཐུང་ཐུང་འདིས་ཁྱོད་ལ་བློ་སྒོ་མང་དུ་འབྱེད་སྲིད།

སྐུ་ཞབས་ཕི་འར་སིན་གྱི་དཔེ་ཁང་དུ་སྐུ་མགྲོན་ཞིག་གིས་དུས་ཚོད་གཅིག་ཙམ་ལ་སོམ་ཉི་བྱས་པའི་མཐར་ཚོང་གཡོག་ལ་དཔེ་ཆ་འདི་ལ་སྒོར་ཅི་རེད་ཅེས་དྲིས། ཚོང་གཡོག་པས་ཁོ་ལ་ཨ་སྒོར་གཅིག་རེད་ཅེས་ལན་བཏབ། ཨ་སྒོར་གཅིག་ལས་ཅུང་ཉུང་ཙམ་བྱས་ན་མི་ཆོག་གམ་ཞེས་ཡང་བསྐྱར་དྲིས།  ཚོང་གཡོག་གིས་ཁོ་ལ་རིན་གོང་ཨ་སྒོར་གཅིག་ལས་དམའ་རྒྱུ་མེད་ཅེས་ལན་བཏབ།  སྐུ་མགྲོན་ཁོས་ཅུང་ཙམ་བལྟས་རྗེས་སྐུ་ཞབས་ཕི་འར་སིན་བཞུགས་སམ་ཞེས་ཚོང་གཡོག་ལ་དྲིས། ཚོང་གཡོག་པས་ཁོང་བཞུགས་ཡོད། འོན་ཀྱང་། དཔེ་སྐྲུན་གྱི་ལས་ཀས་བྲེལ་འདུག་ཅེས་ལན་བཏབ། གང་ལྟར་ངས་ཁོ་རང་གཅིག་མཇལ་འདོད་པས་ཁྱོད་ཀྱིས་བརྡ་ཞིག་གཏོང་རོགས་ཟེར་ནས་བསྡད། མཐར་ཕི་འར་སིན་ཕྱིར་མི་འབུད་ཀ་མེད་བྱུང་། ཁོས་ཕི་འར་སིན་ལ་སྐུ་ཞབས་ལགས། དཔེ་ཆ་འདིའི་མ་མཐའི་རིན་གོང་ཅི་ཙམ་ཡིན་ཞེས་དྲིས། ཕི་འར་སིན་གྱིས་ཚམ་ཚོམ་མེད་པར་ཨ་སྒོར་གཅིག་དང་སྐར་ཉེར་ལྔ་རེད་ཅེས་ལན་བཏབ། སྐུ་མགྲོན་གྱིས་དེ་ག་ལ་སྲིད། ཚོང་གཡོག་པས་དངོས་སུ་དཔེ་དེབ་གཅིག་ལ་ཨ་སྒོར་གཅིག་རེད་ཅེས་བཤད་སོང་ཞེས་བརྗོད།  ཕི་འར་སིན་གྱིས་བཤད་རྒྱུར། དེ་ངོ་མ་རེད། འོན་ཀྱང་། ཁྱོད་ཀྱིས་སོམ་ཉི་བྱེད་པ་དང་ང་ལ་རིན་གོང་གཏམ་པའི་དུས་མཉམ་དུ་ངའི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་བཏང་པས་ངའི་ལས་བྱའི་དུས་ཚོད་ལ་རིན་སྟེར་དགོས་པ་རེད།  ཁྱོད་ཀྱིས་བསམ་བློ་ཐོངས་དང་།  སྐར་མ་ཉེར་ལྔ་རིན་གོང་ཧ་ཅང་དམའ་བ་མ་ཡིན་ནམ་ཞེས་བཤད། དེ་དུས་སྐུ་མགྲོན་དེ་ཧ་ལས་པར་གྱུར། ཁོས་བསམ་པར། ད་ནི་རང་ཉིད་ཀྱིས་བསླངས་བའི་ཁ་བརྡ་འདིའི་མཇུག་རང་གིས་སྒྲིལ་ན་དགའ་སྙམ་ཏེ། འོ་ན་ཁྱོད་ཀྱིས་གསུངས་དང་། དཔེ་ཆ་འདིའི་རིན་གོང་དངོས་གནས་ཅི་ཙམ་ཡིན་ཞེས་བརྗོད།  ཕི་འར་སིན་གྱིས་ཨ་སྒོར་གཅིག་དང་སྐར་ལྔ་བཅུ་ཡིན་ཞེས་ལན་བཏབ། སྐུ་མགྲོན་གྱིས།  ཡང་ཨ་སྒོར་གཅིག་དང་སྐར་ལྔ་བཅུར་གྱུར་བ་ཅི་རེད། ཁྱོད་ཀྱིས་ཨ་སྒོར་གཅིག་དང་སྐར་ཉེར་ལྔ་ཡིན་ཞེས་བཤད་པ་མ་ཡིན་ནམ་ཞེས་བརྗོད། ཕི་འར་སིན་ཀྱིས་བཤད་དོན། ད་ལྟ་དཔེ་ཆ་འདིའི་ཆེས་དམའ་བའི་རིན་གོང་ཨ་སྒོར་གཅིག་དང་སྐར་ལྔ་བཅུ་ཡིན་ཞེས་ཅུང་མི་དགའ་པའི་རྣམ་འགྱུར་གྱིས་བཤད། སྐུ་མགྲོན་དེ་ཐབས་གཞན་མེད་པར་སྒོར་མོ་ཚོང་སྒྲོམ་སྟེང་བཞག་ནས་ཁ་རོག་གེར་སོང་།  ཕི་འར་སིན་གྱིས་དངོས་ཡོད་བྱ་སྤྱོད་འདིས་སྐུ་མགྲོན་དེར་མི་ཚེ་ཧྲིལ་པོར་བརྗེད་ཐབས་མེད་བའི་བསླབ་བྱ་ཞིག་གནང་པ་ནི། ཁྱོད་ཀྱིས་དོན་མེད་ཀྱི་བྱ་བ་ཞིག་སྒྲུབ་སྐབས་དུས་ཚོད་སྒྲ་མེད་པར་ཁ་རོག་གེར་བཞུད་འགྲོ། བཞུད་སོང་བའི་དུས་ཚོད་དག་ནི་ཧ་ཅང་རིན་ཐང་ཆེ་བ་ཞིག་ཡིན་པ་བསྟན། དེ་ནས་བཟུང་སྐྱེས་པ་དེས་དུས་ཚོད་སྐར་མ་ཙམ་ཡང་ཆུད་ཟོས་མ་བྱས་པར་བརྩོན་པ་བྱས་མཐར་ཁོ་མིང་གྲགས་ཅན་གྱི་རྩོམ་པ་པོ་ཞིག་ཏུ་གྱུར།

དུས་ཚོད་ནི་མི་རྣམས་ལ་མཚོན་ན་རྒྱུ་ནོར་ཞིག་དང་མཚུངས། གལ་ཏེ་ཁྱོད་ཀྱིས་དུས་ཚོད་ལ་གཅེས་འཛིན་མི་བྱེད་པར། ཁྱོད་ཀྱིས་རང་གི་རིན་ཐང་ཆེ་བའི་དུས་ཚོད་དག་རིན་ཐང་བྲལ་བའི་དངོས་པོར་བརྗེ་བ་ནི་གླེན་རྟགས་ཤིག་རེད།  དང་ཐོག་ཁྱོད་ཀྱིས་དེ་ངོས་ཟིན་མི་སྲིད། རྒྱུ་མཚན་ཁྱོད་ལ་ད་དུང་དུས་ཚོད་ཀྱི་རྒྱུ་ནོར་མང་པོ་ཡོད་པས་རེད། ནམ་ཞིག་དུས་ཚོད་ཀྱི་རྒྱུ་ནོར་དག་འཛད་ལ་ཉེ་སྐབས་ཁྱོད་ལ་དུས་ཚོད་གཅེས་འཛིན་གྱི་བསམ་བློ་སྐྱེས་ཀྱང་འགྱངས་སོང་བ་རེད། དངོས་པོའི་རྒྱུ་ནོར་དག་གིས་ང་ཚོ་ལ་དེ་དག་ཆུད་ཟོས་མི་རུང་བའི་གནས་ལུགས་རང་བཞིན་སྟོན་ཡོང་། རྒྱུ་མཚན་དེ་དག་ནི་གཟུགས་ཡོད་ཀྱི་དངོས་པོ་ཞིག་ཡིན་པས་རེད། འོན་ཀྱང་དུས་ཚོད་ནི་བལྟས་ན་མཐོང་མི་ཐུབ།  རེག་ན་འཛིན་མི་ཐུབ་པར་གར་སོང་ཆ་མེད་པའི་དངོས་པོ་ཁྱད་མཚར་ཅན་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་རྒྱུན་དུ་རང་གིས་རང་ལ་དྲན་པས་སྐུལ་མ་མ་བྱས་ཚེ།  དུས་ཚོད་བཞུད་ནས་འགྲོ་བ་ཁྱོད་ཀྱིས་གོ་ཡང་མི་སྲིད། དུས་ཚོད་ནི་ནམ་རྒྱུན་གོ་མེད་ཚོར་མེད་དུ་བཞུད་འགྲོ་བ་ཡིན། གཞོན་སྐྱེས་དག་གིས་དུས་ཚོད་བཞུད་སོང་པ་ལ་དོ་སྣང་བྱེད་པ་ཧ་ཅང་དཀོན། འོན་ཀྱང་ལོ་ཚོད་འཕར་བ་དང་མཉམ་དུ་དུས་ཚོད་དེ་དོགས་ཟོན་བྱེད་སའི་ཡུལ་དུ་འགྱུར་སྲིད། རྒྱུ་མཚན་སྐབས་དེར་རང་ཉིད་ནི་དུས་ཚོད་ཀྱི་རྐུན་པོའི་བྲན་གཡོག་ཏུ་གྱུར་པ་རྟོགས་པས་རེད།

འཚོ་བའི་ཁྲོད་ཀྱི་མི་མང་པོ་ཞིག་དང་མ་ཟད་ད་ལྟ་དཔེ་ཆ་ཀློག་བཞིན་པའི་ཁྱོད་ཀྱིས་ནམ་རྒྱུན་འཚོ་བའི་ཁྲོད་དུ་བརྗེད་ངད་ཚ་བའི་གོམས་གཤིས་ཤིག་ཆགས་ཡོད་ངེས་ཅན་ཡིན་ལ། གོམས་གཤིས་འདིས་ཆུད་ཟོས་སུ་བཏང་བའི་དུས་ཚོད་ནི་ཉུང་ཉུང་ཞིག་གཏད་ནས་མ་ཡིན།  དེས་ན་དེ་ལ་ང་ཚོས་དོ་སྣང་དང་ཡིད་གཟབ་ཆེན་པོ་དགོས་པ་ཡིན། དཔེར་ན་ཉིན་དེར་མཁོ་བའི་དཔེ་ཆ་སྡོད་ཁང་དུ་ལུས་སོང་ཚེ། ཁྱོད་དཔེ་ཆ་ལེན་པའི་འགྲོ་འོང་ལ་དུས་ཚོད་སྐར་མ་བཅུ་ཙམ་དགོས་པའི་དབང་དུ་བཏང་ན།  དུས་ཚོད་སྐར་མ་བཅུའི་ནང་ཁྱོད་ཀྱིས་མ་མཐའ་ཐ་སྙད་གསར་པ་གསུམ་ཙམ་བློར་འཛིན་ཐུབ། འདི་ལྟར་ཉིན་གསོག་ཟླ་གསོག་བྱས་ན། མཐར་ཆུད་ཟོས་སུ་བཏང་བ་དེ་ཐ་སྙད་ཁ་ཤས་དང་བྱ་གཞག་ཁ་ཤས་ཙམ་མ་ཡིན་པར་ཤེས་ཡོན་དང་དངུལ་སྒོར། ད་དུང་ཚེ་སྲོག་བཅས་ཡིན། 

ན་གཞོན་མི་ཉུང་བ་ཞིག་གཉིད་ལ་དགའ་བས་ཞོགས་པར་ཡར་ལངས་མི་ཐུབ། དུས་ཚོད་དག་ཐམ་ཐོམ་ངང་ཤོར་འགྲོ་བཞིན་ཡོད། ངག་རྒྱུན་ལ། ཉིན་གང་ལས་གཞི་ཞོགས་ལ་ཐུག  ཅེས་པའི་གནས་ལུགས་འདི་ང་ཚོས་རྟོགས་དགོས་པ་ཡིན། གལ་ཏེ་ཁྱོད་རང་ཞོགས་པར་དུས་ཚོད་ཕྱེད་ཅིག་ལ་སྐྱིད་ཉལ་བྱེད་པའི་དབང་དུ་བཏང་ན། དེའི་རིང་ལ་ཁྱོད་ཀྱིས་གྲངས་རིག་གི་རྩིས་གཞི་གསུམ་ཙམ་སྦྱོང་ཐུབ་ལ་རྩོམ་ཡིག་ལེགས་པོ་གཅིག་ཀློག་འདོན་ཐུབ། ཡང་ན་ཐ་སྙད་གསར་པ་བཅུ་ཙམ་བློར་འཛིན་ཐུབ་པ་ཡིན། མ་ཟད་ཞོགས་པའི་ལས་ཆོད་སྤྱིར་བཏང་ལས་ལྡབ་བརྒྱ་ཆའི་སུམ་ཅུ་ལས་མང་པ་ཡིན། དེར་གཞིག་ནས་བརྩིས་ན་ཁྱོད་ཀྱིས་ཆུད་ཟོས་བཏང་པ་ནི་དུས་ཚོད་ཕྱེད་ཙམ་རྐྱང་པ་ཞིག་མ་ཡིན་ནོ།  །

དེ་མིན་མི་འགའ་རེར་དངོས་རྫས་འཇོག་སྟངས་ལ་ལམ་ལུགས་གང་ཡང་མེད་པས། ལས་བྱ་འབྲི་སྐབས་དཔེ་ཆ་འཚོལ་རྒྱུར་དུས་ཚོད་སྐར་མ་ལྔ་ཕུད། ལྕགས་སྨྱུག་འཚོལ་བར་དུས་ཚོད་སྐར་མ་གསུམ་ཙམ་འགོར་འགྱང་བྱས། དེ་རྗེས་ཞ་སྨྱུག གྲི་ཆུང་། ཁྲུ་ཙེ། གསུབ་འགྱིག་སོགས་བཙལ་ནས་ལོན་སྐབས་དུས་ཚོད་སྐར་མ་ཉི་ཤུ་ཙམ་བཞུད་ཟིན། གལ་ཏེ་དུས་ཚོད་དེ་དག་ཆུད་ཟོས་སུ་བཏང་མེད་ཚེ་ལས་བྱ་སྔ་མོ་ནས་གྲུབ་ཟིན།

ད་དུང་ལས་ཀ་བྱེད་སྐབས་འགོར་འགྱང་བྱེད་པ་དང་ཧོན་ཐོར་དུ་ལུས་པ། དོན་མེད་ཀྱི་ཁ་བརྡ་བྱེད་པ་དག་གིས་དུས་ཚོད་ཧ་ཅང་མང་པོ་ཞིག་ཆུད་ཟོས་སུ་གཏོང་བཞིན་པ་ནི་ན་གཞོན་རྣམས་ལ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་ཆགས་ཡོད། འདི་ནི་ང་ཚོས་ནམ་རྒྱུན་གླེང་བའི་དུས་ཚོད་ཀྱི་རྐུན་པོ་ཟེར་བ་དེ་རེད། དེས་ན་ང་ཚོས་དུས་ཚོད་ཀྱི་རྐུན་པོ་འདི་ལ་ཡ་ལན་སྤྲོད་པའི་ཐབས་ལམ་ཁྱད་པར་བ་ཞིག་ཡོད་པ་ནི། བརྗེད་ངད་ཚ་བའི་སྐྱོན་ཆ་དག་སྤང་རྒྱུ་དང་། སྔ་ཉལ་སྔ་ལངས་ཀྱི་གོམས་གཤིས་ལེགས་པོ་ཆགས་པ། རང་གི་དངོས་རྫས་ཚང་མ་ལམ་ལུགས་ཡོད་པར་འཇོག་རྒྱུ།  བྱ་བ་གང་སྒྲུབ་ཀྱང་སེམས་ཐག་ཆོད་པོས་སྒྲུབ་པ་ལས་ཉབ་ཉོབ་མི་བྱེད་པ། ཁོམ་ལོང་གི་དུས་ཚོད་དག་བེད་སྤྱད་ནས་དོན་དང་ལྡན་པའི་ལས་ཀར་རྩོན་པ། མདོར་ན་རང་ལ་དབང་བའི་དུས་ཚོད་སྐར་མ་གཅིག་ལའང་གཅེས་འཛིན་དང་བདག་སྐྱོང་བྱེད་རྒྱུ་བཅས་ཡིན་ནོ།  །




ཁྱེད་རང་ཕེབས་ཤུལ་གྱི།ཞབས་རྗེས་ཕབ་རོགས།

藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章