མཐུད་གྱེར་རིང་མོ། ༼ཕ་ཡུལ་གྱི་ངོ་གདོང་བཀླགས་པ།༽ 朗诵|故乡

文摘   文学   2024-07-14 13:07   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

གྱེར་འདོན་སྒྱུ་རྩལ།
ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བྱོན་པ་ལེགས།



 ཕ་ཡུལ་གྱི་ངོ་གདོང་བཀླགས་པ།

རྩོམ་པ་པོ། ཀྱེ་ཕུར་མཆོག་གསུམ།

གྱེར་འདོན་པ། ཨ་རིགས་གླེན་པ། ནོར་བུ་སྒྲོལ་མ། རིགས་དུང་། 

ཁྲ་བྱང་སྐར། རུས་རྐང་། ཞོགས་པའི་ཅོང་བརྡ།

  


མཐོ་སྒང་གི་རི་གྲོང་ལྗང་གུར་སེམས་འདུན་གྱི་ལུག་ཁྱུ་བཀྲམས་པ་ནས།

རྫ་ཆུའི་གླུ་སྐད་ལ་རྣ་བས་མཉན་ཏེ་སྤྲོ་སྣང་གི་གླིང་བུ་སེམས་ཀྱིས་བུས།

འོད་ཀྱི་སྣེ་མོར་འཇུས་པའི་དབུ་ཁྱུད་དེ་དང་།

ལུག་ཆུང་གི་འབའ་སྒྲས་བསྐྱོར་བའི་ཕུགས་འདུན་དེ།

སྤང་རྩྭ་ནེམ་ནེམ་གྱི་བརླན་བཤེར་ལས་འབུས་ཤིང་།

ཀྱ་ཀྱུར་བཞུར་བའི་གཙང་པོའི་འཁྱུག་འགྲོས་ལས་རྟོགས་པས།

རྫ་གསེབ་ན་ཅེ་སྤྱང་གི་མཆེ་སྡེར་མེད་པའི་སྨོན་ལམ་བཏབ་ལ།

ན་ལུང་ནས་ཁྱི་སྤྱང་ངན་འབྲེལ་མི་ཡོང་བའི་སོ་བ་ཡང་ཡང་བྱེད་དོན།

རླུང་གི་ཁ་ཕྱོགས་ལ་ཆ་འཇོག་བྲལ་ཞིང་།

སྤྱང་ཀིའི་འཇབ་རྒྱུག་ལ་ངེས་གཏན་མེད་པས་ཡིན།


གཡང་ར་བ་སྒོ་བཞི་མར་ཁུ་རུ་བསྐྱིལ་རྗེས།

ནང་སྤུན་ཟླའི་དཔུང་རྡང་མེ་རྟ་རུ་བསྒྲོན་ཏེ།

འཚོ་བ་སྣུམ་པོ་ཞིག་གི་དྭངས་གཙང་བཙལ་ལ།

གཞིས་ཆགས་ཆོག་པའི་གནས་མལ་གྱི་ཕ་མཁར་བརྩིགས།

དེ་ནས་བཟུང་། ངའང་ཕ་ཡུལ་ཟེར་བའི་ས་ཁོད་ཅིག་གི་ནང་མིར་གྱུར།

ཁྱིམ་ཚང་ཟེར་བའི་ཐབ་ཚང་ཞིག་གི་ནང་འཛིན་དུ་གྱུར།

འཕེལ་ན་ཕ་ཡུལ་ཡིན་ལ་རྒུད་ཀྱང་ཕ་ཡུལ་ཡིན་པའི་མཐོ་སྒང་གི་ལུང་ཀོག་དེ།

ངའི་ཤ་རུས་པགས་གསུམ་གྱི་འཚོ་རྟེན་དངོས་མ་དེ་ཡིན།

ངའི་ཁ་ལག་གཏམ་གསུམ་གྱི་གནས་ཚང་དྲོན་མོ་དེ་ཡིན།

སུས་ཀྱང་ཕངས་མེད་དུ་གཤག་མི་ཆོག་པའི་བཙན་རྫོང་སྨུག་པོ་དེ་ཡིན།


གཡང་དཀར་རྫ་ལ་བཀྲམས་ཏེ་རྫ་ཁ་ནས་རི་སྤྱང་ལ་སོ་ལྟ་བྱེད་མཁན་ཨ་ཕ་རེད།

འབྲི་མོ་རྡང་ལ་བཏགས་ཏེ་མར་ཆུར་སྣོད་ལ་གསོགས་མཁན་ཨ་མ་རེད།

ཨ་ཕ་དང་ཨ་མའི་རྔུལ་ཆུ་མཚོ་རུ་འཁྱིལ་ཏེ།

མཚོ་འཇིངས་སུ་སྤྲོ་སྣང་གིས་ཆུ་རྐྱལ་བྱེད་མཁན་བུ་ཕྲུག་རེད།

བུ་ཕྲུག་འདི་དག ཆུ་ཁའི་ཝུ་བ་བཞིན་འཕྱོ་སླ་ཡང་།

རླུང་ཁའི་རྩྭ་ལོ་ལྟར་གཡོ་སྐྱེན་ཡང་།

ཨ་མའི་མིག་ནང་ནས་བོར་མ་མྱོང་བའི་འབར་རྡེའུ་དེ་ཚོ་རེད།

ཨ་ཕའི་དྲན་ངོགས་ནས་བརྗེད་མ་མྱོང་བའི་མུ་ཏིག་དེ་ཚོ་རེད།

དེ་ཚོས་གྲུབ་པའི་སྡེ་ཚན་དེར་གཡང་ཁྱིམ་ཞེས་འབོད་ལ།

གཡང་ཁྱིམ་དང་གཡང་ཁྱིམ་འདུས་པ་ལས་སྡེ་བ་གྲུབ་ཅིང་།

སྡེ་བ་ཞེས་བོས་ཆོག་པའི་ཡུལ་ལུང་དེར་ཕ་ཡུལ་ཟེར།


ཕ་ཡུལ་ཨ། ཐོག་མའི་ལྟེ་ཁྲག་གི་འཚལ་ཐིག་ཁྱེད་ལ་འཐོར་ཅིང་།

མཐའ་མའི་གྱེས་བྲལ་གྱི་མིག་ཆུ་ཡང་ཁྱེད་ལ་འཐོར་དགོས།

ཕ་དང་ཨ་ཁུའི་རིང་ལ། མ་དང་སྲུ་མོའི་རིང་ལ།

ཕ་ས་གསེར་གྱི་ཐུ་བ་ཡིན་ཞེས།

རྫོགས་མི་སྲིད་པའི་གཏམ་གྱི་གླེགས་ཐགས་གྲོལ་མྱོང་།

མ་ས་མ་མོའི་བྲང་མགོ་ཡིན་ཞེས།

བྲིས་མི་ཚར་བའི་སྙན་ངག་རླབས་སུ་འཕྱུར་མྱོང་།

ཕ་ཡུལ་གྱི་རྩ་རྐང་རེ་རེ་ཕུ་ནུ་དང་མིང་སྲིང་ཡིན་ན།

ཕ་ཡུལ་གྱི་ཆུ་ཕྲན་རེ་རེ་ཟུངས་ཁྲག་གི་དྭངས་མ་ཡིན་ན།

ང་ནི་ཕྱེ་ལེབ་བཞིན། གསེར་ཉ་བཞིན།

ནམ་ཡང་ཁྱེད་ཀྱི་ལོངས་སྤྱོད་ལ་འཁོར་ཏེ།

ཕུན་ཚོགས་ལ་སྲེད་པའི་གནས་སྡོད་པ་དེ་ཡིན།


ཕ་ཡུལ་ལགས།

ཁྱེད་ཀྱི་སྦྲ་ནག་གི་ཁ་ཚུབ་ལས་ནམ་མཁར་མཆེད་པའི་དུ་བ་སྔོན་པོས།

ངའི་ཕུགས་བསམ་གྱི་གཤོག་པ་བཏེགས་ནས་ཡུན་རིང་ཕྱིན།

སྒོ་ཁྱིའི་ཟུག་སྐད་ལ་འཐམ་པའི་སྐར་ཚོགས་ཀྱི་འཛུམ་རིས།

ངའི་བྱིས་དུས་ཀྱི་ཞོ་གཉེར་ལ་བསྐུངས་ནས་ལོ་ཟླ་འདས།

དེ་རིང་ངས་འདར་ལྕུག་ལྕུག་གི་ལག་པ་བྲང་ཁར་བཞག་སྟེ།

ཕྱིར་འཁོར་ནས་ཁྱེད་ཀྱི་བཞུད་ལམ་འཚོལ་དུས།

ངའི་སེམས་པ་བརླན་ཞིང་མིག་ཆུ་ལུད་པའི་གཏམ་རྒྱུད་དེ་དག

སེར་ཁ་གས་པའི་ཡུལ་མི་ཚོའི་ངོ་གདོང་ནས་ལུད་ཡོང་།

རྒས་གཉེར་གྱོན་པའི་རི་བྲག་གི་རྨ་ཁ་ལས་ཟགས་ཡོང་།

དྭངས་གཙང་རྙོག་པའི་རྫ་ཆབ་ཀྱི་སྙིང་ཁ་ནས་བརྡོལ་ཡོང་།


ལུག་ཁྱུ་དགོ་ལ་འདྲེས་ཤིང་དགོ་ཁྱུ་སྤྲིན་པར་འདྲེས་པའི་ས་སྲོས་རེ་རེ།

ནོར་ཁྱུས་གྲིབ་མ་གྱོན་ཏེ་ལུག་ཁྱུས་སྐར་ཚོགས་འགུག་པའི་ཉི་ནུབ་རེ་རེ།

སུས་ཀྱང་འགྲེལ་མི་ཐུབ་པའི་རྟོག་བཏགས་ཀྱི་སྙན་ངག་ཅིག་ཏུ་བསྒོམས་ནས།

སྒྱེད་པུའི་གོ་འདབས་སྲུང་བའི་བྱིས་པ་ཚོས།

ཨ་མྱེས་ལ་གནའ་གཏམ་བསླངས་ཏེ་མཚན་མོ་བསྐྱལ་བ་ནི།

ངས་དེ་རིང་རང་ལུས་ཕུལ་ཀྱང་ཁུག་མི་སྲིད་པའི་ལོངས་སྤྱོད་ཅིག་རེད།

ངས་དེ་རིང་ངག་གིས་བོས་ཏེ་སྐད་ཀྱིས་བཀུགས་ཀྱང་།

འདས་ཟིན་པའི་བྲག་ཅས་ཨ་ལན་གནང་མི་སྲིད་པའི་གཏན་ཚིགས་ཤིག་རེད།

བཞུད་ཟིན་པའི་རྟ་ཁྱུའི་རྨིག་རྗེས་མི་གསལ་བའི་ན་ལུང་ཞིག་རེད།

ཡབ་མེས་ཀྱིས་གློ་གྲི་ཐབས་ཀྱིས་གཡུགས་མྱོང་བའི་གཡུལ་ས་ཞིག་རེད།


བསྡད་ཀྱིན་བསྡད་ཀྱིན་དུ།

ཕ་ཡུལ་ཟེར་བ་ནི་མིག་ལ་མི་ཤོང་བའི་དག་ཞིང་ཞིག་རེད།

འགྲེལ་བཤད་མི་ཕོག་པའི་སྙན་ངག་ཅིག་རེད།

ངས་རང་གི་སྙན་ངག་འདི་སེམས་སུ་བསྒོམས་ནས་རུས་པས་དམུར་ཏེ།

གཞན་གྱི་ཕ་ཡུལ་ལ་འགྲམ་ཆུ་ལྡང་མ་མྱོང་།

གལ་ཏེ་འཇིག་རྟེན་འདི་དང་གནས་གཞན་ཞིག་ཏུ།

ལྷ་ཡུལ་ཞེས་བོས་ཆོག་པ་ཞིག་ཡོད་ན་དེ་ནི་ཕ་ཡུལ་རེད།

ཉེ་འབྲེལ་ཞེས་བོས་ཆོག་པ་ཞིག་ཡོད་ན་དེ་ནི་ཕུ་ནུ་རེད།

སྐྱེ་བ་འདིར།

ང་ལ་ཕ་ཡུལ་འདི་དང་ཡུལ་མི་འདི་ལས་གཞན་ཅི་ཡང་མི་མཁོ།

ཕ་ཡུལ་གྱི་སྣོད་བཅུད་དུ་གྱུར་ཟིན་པའི་རི་ར་བ་ཁང་ཁྱིམ་འདི་ལས་ཅི་ཡང་མི་དགོས།


ནམ་ཞིགདགུང་སྔོན་པོའི་ཞལ་རས་འགྱུར་སྲིད་ཀྱང་།

ནམ་ཞིགས་དོག་མོའི་རྩ་སྒྱུས་ལྷོད་སྲིད་ཀྱང་།

དེ་དུས་ཀྱང་།

ངས་ཕ་ཡུལ་ཕ་ཡུལ་ཞེས་ངག་གིས་བཟློ་སྲིད་ལ།

ཡུལ་མི་ཡུལ་མི་ཞེས་ཚིག་གིས་བསྐྱོར་ནས་འགྲོ་ངེས་པས།

ད་ལྟའི་བར་དུ།

ང་ཕ་ཡུལ་ལ་དགའ་དགའ་ཞིག་སུ་ལའང་དགའ་མ་མྱོང་ལ།

ང་ཕུ་ནུ་ལ་དུངས་དུངས་ཤིག་སུ་ལའང་དུངས་མ་མྱོང་བས།

ངའི་ཚེ་སྲོག་གི་ཚབ་མ་ཕ་ཡུལ་གྱིས་བྱས་ཆོག་ལ།

ངའི་རྣམ་ཤེས་ཀྱི་ལྷག་འཕྲོའང་ཕ་ཡུལ་གྱིས་བལྡག་ཆོག

ཕ་ཡུལ་ཨ། གཡའ་ཡིས་གོས་མི་སྲིད་པའི་གཡུ་གཞོང་སྔོན་མོ།

ངའི་སེམས་ཀྱི་རས་ཡུག་སྔོན་མོས་ཡང་ཡང་ཕྱིས་ཏེ།

ཏིང་འཕགས་སྐལ་གསུམ་དང་ལྷན་དུ་མཆོད་ཁྲིར་བཤམས་ཡོད།


ལུ་གུས་མཆོང་གར་རྩེན་པའི་སྤང་ཐང་དེ་ནས།

བེའུ་ཨ་མར་འདྲེས་པའི་སྦྲ་འདབས་དེ་ནས།

ངས་དཔེ་ཁུག་ཆུང་ཆུང་ཞིག་ཕྲག་པར་གཟར་ཏེ།

ཞོགས་པའི་ཟིལ་བ་སྟོར་ནས་སློབ་གྲྭར་ཆས་དོན།

ཕ་ཡུལ་གྱི་ངོ་གདོང་གི་ཐལ་རྡུལ་གཙང་བཀྲུ་བྱ་སླད་ཡིན།

རང་གི་མི་ཚེའི་ཁ་དོག་ལ་བཀྲག་མདངས་གཞན་ཞིག་དཀྲི་ཆེད་ཡིན།

དགུན་ས་དབྱར་སར་སྤར་ཏེ་དབྱར་ས་དགུན་སར་སྤོར་བའི་འགྲུལ་བཞུད་ཁོ་ནས།

ལང་ཚོ་དང་མི་ཚེ་རྫོགས་ལ་ཕུགས་འདུན་དང་རེ་བ་འགྲུབ་པ་ནི།

ངའི་སེམས་ཀྱི་དབྱར་ཟླ་ག་ལ་ཡིན།

ངས་བསྙེག་པའི་དམ་བཅའ་ག་ལ་ཡིན།

མ་ཤི་གསོན་བྲལ་མི་བྱ་བའི་དམ་བཅའི་རི་མོ།

དབྱངས་གསལ་གྱི་སྡེབ་སྦྱོར་ཁོ་ནས་བྲིས་ཏེ།

དྲན་པའི་ལྡེབས་ངོས་སུ་མཛོད་དུ་ཉར་ཡོད།


ང་ཚོར་ཡང་ཟླ་བའི་གོ་ལར་བསྙེག་པའི་ཆོད་སེམས་ཤིག་ཡོད་དགོས།

རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་སྤོབས་པ་ཞིག་ཡོད་དགོས།

ཕུ་ནུའི་ཁ་གྲངས་ལེན་པའི་འགན་འཁྲི་ཞིག་ཀྱང་ཡོད་དགོས།

ཕ་ཡུལ་ནས་གནས་ལ་བུད་སོང་བའི་བུ་མོ་རེ་རེར།

སེམས་ཀྱི་རྫོངས་པ་འབུལ་བའི་ཀུན་སློང་ཞིག་ཀྱང་ཡོད་དགོས།

ཕ་ཡུལ་ལགས། ད་ནས་བཟུང་ང་ཚོས་ཀྱང་།

མགོ་རུལ་བ་རྣ་ཡིས་ཚོར་དགོས་ལ།

གསོན་མིག་ཁ་ཏས་མི་འདྲུ་བའི་བདག་དམ་ཞིག་དང་།

ནང་ཁྲོལ་འབུ་ཡིས་མི་ཟ་བའི་འགོག་སྲུང་ཞིག་ཀྱང་ཡོད་དགོས།

ཕ་ཡུལ་ཨ། ངའི་དུས་གསུམ་གྱི་རི་རྩེ་ན་འཛུམ་པའི་ཉི་མའི་རྒྱལ་མཚན།


ད་ནངས་ནག་རོག་རོག་གི་ཁ་ཏ་ཁྱུ་ཞིག་གིས།

སྡེ་འདབས་ཀྱི་གློག་སྡོང་རྩེ་ནས་ཐན་སྐད་བསྒྲགས་དུས།

ཡུལ་མི་ཚོ་སྒོ་ཁར་ཞོགས་ཏེ་མགྲིན་ངག་གཅིག་གིས།

ཀི་བསོ་ལྷ་རྒྱལ་གྱི་འབོད་སྒྲ་སྒྲོག་གིན་འཛུམ་ཆུང་གི་ཆར་བ་བབས།

ཁོ་ཚོས་ད་ལོའི་ལོ་ཏོག་ཡག་སོང་ཟེར།

ད་ལོར་ཕྱུགས་ཀྱི་འཕེལ་ཁ་དར་སོང་ཟེར།

མ་གཞི་ངའི་ཕ་ཡུལ་དུ།

ཁ་ཏའི་ཐན་སྐད་རྟེན་འབྲེལ་དུ་རྩི་སྲོལ་ཞིག་གཏན་ནས་མེད་པ་འདྲ་ཡང་།

ཁོ་ཚོས་ཁ་ཏ་དང་སྐྱ་ཀ་ནོར་སོང་བ་ཨེ་ཡིན་ནམ།

ཁ་ཏ་དང་ཁུ་བྱུག་ནོར་སོང་བ་ཨེ་ཡིན་ནམ།

ངས་ལག་པ་བྲང་ཁར་བཞག་ནས་ཕ་ཡུལ་གྱི་རི་རྩེར་འགོས་ཏེ།

ཉི་ཤར་དང་ཉི་ནུབ་ཀྱི་མཚམས་སྤྲིན་བསླེས་ནས།

མུན་པའི་གཞིས་ལ་འོད་ཀྱི་བཀར་མེ་བསྒྲོན་པ་ཡིན།


ལྕགས་ཀྱི་དྲ་བས་སྦྲེལ་བའི་ཕ་ཡུལ་གྱི་དོན་སྣོད་དག་ལ།

གློག་གི་རླབས་ཀྱིས་སྒུལ་བའི་ཕ་ཡུལ་གྱི་འབྱུང་བཞི་དག་ལ།

སུས་ཀྱང་མྱངས་མི་ཐུབ་པའི་ཚ་སྨུག་ཅིག་འཁོར་འདུག

སུས་ཀྱང་གྲོལ་མི་ཤེས་པའི་གསང་མདུད་ཅིག་ཐེབས་འདུག

རི་རྩེ་སྨུག་པའི་གསེབ་ན། ནགས་ཀློང་འཇོལ་མོའི་ངག་ན།

ཕ་ཡུལ་གྱི་ངོ་གདོང་དངོས་མ་ཞིག་མཐོང་དཀའ་ཞིང་།

ཡུལ་མི་ཚོའི་སེམས་གཏམ་དངོས་མ་ཞིག་ཀྱང་ཐོས་དཀའ་ཨང་།

ཕ་ཡུལ་ཨ། ངའི་དུས་གསུམ་གྱི་ལས་དབང་བསྲུང་བའི་མ་ཡུམ་ཁྱེད།

ནང་བུ་ཕྲུག་དག་གི་ཕྱོགས་སྟོན་གྱི་འཁོར་ལོ་རུ།

བསྐལ་བ་ནས་བསྐལ་བའི་བར་དུ་བཞུགས་རོགས་ཀྱེ།


དུས་ཀྱི་ཆར་བས་ཡང་ཡང་བཀྲུས་པའི་ཕ་ཡུལ་གྱི་ངོ་གདོང་ནས།

ད་ནི་ཡུལ་མི་ཚོའི་རང་གཤིས་ཤིག་འཚོལ་ཐབས་མི་འདུག

དུས་ཀྱི་རླུང་གིས་ཡང་ཡང་རྡེག་པའི་ཕ་ཡུལ་གྱི་ངག་སྒྲོས་ལས།

ད་ནི་མི་སྐད་དངོས་མ་ཞིག་ཀྱང་ཐོས་ཐབས་མི་འདུག

རྒན་གཞོན་གྱི་དབྱེ་མཚམས་སྣོལ་དཀའ་བའི་དེ་རིང་།

སྤྲིན་པ་སྤྲིན་པ་ཡིན་ལ་ནམ་མཁའ་ནམ་མཁའ་ཡིན་པའི་རང་རློམ་གྱིས།

དྲོད་ལྷུག་ལྷུག་གི་ཉི་འོད་ཅིག་མྱངས་ཐབས་མི་འདུག་ལ།

ཁྲ་ལམ་ལམ་གྱི་སྐར་ཚོགས་ཤིག་ཀྱང་མཐོང་ཐབས་མི་འདུག་པས།

མཐོན་པོའི་རི་རྩེ་དག་ནས་རླུང་གི་རྒྱལ་མཚན་གཡོས་ཏེ།

མཚོ་མོའི་རླབས་གཉེར་ཁུད་ནས་ངག་གི་འབོད་པ་གཏང་རོགས།


རླུང་བུ་གཡུགས་ཏེ་ཁུར་ཟིན་པའི་སྒོ་ཕྱུགས་ཀྱི་སྤུ་ཞག

གཞོན་པའི་ངག་ནས་དཀག་ཟིན་པའི་ཕ་སྐད་ཀྱི་ལས་དབང་།

ད་དུང་། འཕྲུལ་ཆས་ཀྱི་མཆེ་བས་དྲུད་ཡོང་བའི་འཇིགས་རྔམ་གཞན་དག

བསམ་བློ་གསར་བ་དང་འདོད་ཚུལ་གསར་བའི་བསླུ་བྲིད་ཀྱིས།

ཕ་ཡུལ་ཨ་མའི་ཐུགས་སེམས་རྨང་ནས་དཀྲུགས་ཏེ།

མགོ་བོ་དགྱེ་མི་ཆོག་པའི་འཕྱ་སྨོད་ཅི་ཙམ་བྱས་པ།

རི་བོ་ལ་དྲིས་ན་མགོ་ལྕོག་ལྡེམ་སྲིད་ལ།

གཙང་པོ་ལ་དྲིས་ན་མིག་ཆུ་འཆོར་ངེས།

ཕ་ཡུལ། འཕེལ་འགྲིབ་གཉིས་ཀྱི་སོ་ཁར་འགྲེངས་ཏེ།

གནོང་འགྱོད་དང་སོམ་ཉིར་ཚུད་པའི་གསེར་མིག་གི་ཉ་མོ།


ང་ཚོས་ཉི་ནུབ་མང་པོ་ཞིག་ཕར་ལ་བསྐྱལ་ཏེ།

ཉི་ཟེར་མང་པོ་ཞིག་འཛུམ་གྱིས་བསུ་འདོད་པའི་ཀུན་སློང་གིས།

རི་མཐོན་པོའི་སྒང་ནས་རླུང་རྟ་ཤུགས་ཀྱིས་སྤུར་ཏེ།

ཆུ་གཙང་པོའི་གཞུང་ལ་ཟམ་ཆེན་གྱི་ཡོལ་བ་འཐེན་པ་ཡིན།

ཕ་ཡུལ་ཨ་མས་གསོས་པའི་ངོ་གདོང་འདི་དག

སྔོ་མའི་བརླན་བཤེར་དང་དྲི་ངད་ཀྱིས་བསྐྱལ་ཏེ་དུས་འདི་ལ་ཐོན་དུས།

ངས་ཞེ་སེམས་མི་འཁྲེང་ག་ལ་སྲིད་ཨང་།

སུ་ཞིག་གི་མཆི་སྒྲོས་ལས་ཐལ་བའི་སྦྲང་རྩི་མངར་མོ།

ཁ་ལ་ཞིམ་ཡང་ཁོག་ལ་གནོད་པའི་ཆོས་ཉིད་ཀྱིས།

ང་སྔར་བཞིན་ཐེ་ཚོམ་དང་སོམ་ཉིས་འཚོས་ཡོད།

ང་སྔར་བཞིན་ཡི་མུག་དང་འཁང་རས་གནས་ཡོད།


འཇིག་རྟེན་གྱི་བྱ་དངོས་ཡོད་ཚད།

དུས་ཀྱི་གོམ་འགྲོས་དང་བསྟུན་ཏེ་འགྱུར་དགོས་པ།

ངའི་ཡ་ཆུང་གངས་ན་གསལ་གསལ་ཡིན་ཡང་།

ངའི་ཁྲ་ཆུང་མིག་གིས་ལམ་ལམ་མཐོང་ཡང་།

བློས་མི་ཐོངས་པའི་ཞེན་ཆགས་ལྕི་མོས།

ངས་ད་དུང་ཡང་ཕ་ཡུལ་ཞེས་ཡང་ཡང་གླེང་དགོས་ལ།

ངས་ད་དུང་ཡང་ཕ་ཡུལ་ཞེས་ཡང་ཡང་འབོད་དགོས་ཨང་།

ཕ་ཡུལ་ཨ། ང་གསོན་ན་སྐྱིད་སྡུག་གི་དཔུང་བ་གཤིབ་ས།

ང་ཤི་ན་བེམ་པོ་ཡི་དུར་སྦས་བྱ་ཡུལ།


ཕ་ཡུལ་ལགས།

རྒྱབ་ལ་ཁྲེལ་གཞུང་དང་ཕྱི་ཐག་ཁུར་བའི་མི་ཕོ་དེ་དག

རྒྱང་རིང་གི་འགྲུལ་བཞུད་ལ་ཆས་པ་ནས།

དྲན་ངོགས་ཀྱི་ནམ་མཁའ་སྟོང་བར་སྦར་འབྲད་ཅི་ཙམ་བྱས་ཀྱང་།

ནེམ་ཤིག་ཤིག་གི་སེམས་གསོ་ཞིག་ཐོས་ཐབས་མི་འདུག་ལ།

རློན་ཆལ་ཆིལ་གྱི་ཨ་ལན་ཞིག་ཀྱང་གང་ན་ཡོད་ཨང་།

རྫི་བོ་མེད་པའི་ལུག་ཁྱུ་དང་ཁ་ཕྱོགས་ནོར་བའི་གནག་ཕྱུགས་ཀྱང་།

གྲང་འདར་གྱིས་གཅུན་པའི་རྫ་ལུང་ནས།

གནས་མལ་བོར་བའི་ཡུལ་གྱར་བ་ཁོ་ནར་གྱུར་བར།

དོ་སྣང་དང་སེམས་ཁྲལ་བྱེད་མྱོང་བ་དུ་ཙམ་ཡོད་ཨང་།

ཕ་ཡུལ། ད་ནི་ཁྱེད་ཀྱིས་ཀྱང་ཡང་དག་གི་ཨ་ལན་ཞིག་གནང་རན་མིན་ནམ།


ཆར་ཆུའི་བརླན་བག་ཁུར་བའི་སྤྲིན་པ་ནག་པོ།

རླུང་གིས་བདས་ཏེ་རྒྱང་རིང་ནས་ཡུལ་འདིར་ཐོན་དུས།

སྐ་རགས་ཞིག་པའི་རི་བོའི་སེམས་སུ་དྲི་བ་སྣ་ཚོགས་འཁོར་ཏེ།

སྐག་ཚོས་དག་པའི་གཙང་པོའི་ལུས་ལ་ན་ཟུག་གློ་བུར་དུ་རྒྱུག་ཡོང་བ།

འཚོ་སྟངས་ཀྱི་གོ་རིམ་འཆོལ་བའི་ཡུལ་མི་ཚོར་གསལ་ཞིང་།

ལས་འབྲས་ཀྱི་ཁ་དོག་ནོག་པའི་ཡུལ་མི་ཚོས་རྟོགས་ངེས།

འཇག་མས་ཤུགས་གླུ་གྱེར་བའི་་གྱང་ཆག་དག་གི་ཧྲག་བར་ནས།

ཆོ་ངེ་ལྷང་ལྷང་འབྱིན་པའི་བྱི་བ་ལ་གནས་ཚང་བྲལ་སོང་།

བསམ་གྱིན་བསམ་གྱིན་དུ།

ཕ་ཡུལ་ནི་སུས་ཀྱང་བློས་བཏང་ཟིན་པའི་མི་ཕོ་ཁེར་ཧྲེང་ཞིག་ཏུ་གྱུར་གྱིན་འདུག


མཐོན་པོ་སྒང་ལ་འགོས་ཏེ་ཕྱི་མིག་རེ་བལྟས་ན།

ཁྲ་ལམ་མེར་མིག་ལ་ཐོགས་པ་ཕ་ཡུལ་རེད།

ལག་པ་བྲང་ཁར་བཞག་སྟེ་ཞིབ་འདང་ཞིག་བརྒྱབ་ན།

སྐྱུར་ཤ་ལེར་ཞེ་ལ་འཁྱིལ་བ་ཕུ་ནུ་རེད།

ཕ་ཡུལ་ཕུ་ནུས་བསྐྱངས་ཏེ་ནར་སོན་པ་ཡིན་ལ།

ཕུ་ནུ་ཕ་ཡུལ་གྱིས་གཉོར་ཏེ་གཞི་ཟིན་པ་ཡིན།

ཕ་ཡུལ་ཕ་ཡུལ་ཞེས་ཡང་ཡང་གླེང་དགོས་པ།

ངའི་མི་ཚེའི་མཐའ་མཇུག་གི་གནས་མལ་བཅའ་དགོས་པས་ཡིན།

ཕ་ཡུལ་ཕ་ཡུལ་ཞེས་རུས་པར་འབྲི་དགོས་པ།

ངའི་ཀླད་རུས་ཀྱི་འཆིང་ཐག་གནས་འདིར་ཆད་དགོས་པས་ཡིན།


ཕ་ཡུལ་ཟེར་ན་རྟ་ནོར་ལུག་གསུམ་གྱི་སྡེ་ཚན་ཞིག་རེད།

ཕ་ཡུལ་ཟེར་ན་ཕུ་ནུ་མིང་སྲིང་གི་འདུས་སྡེ་ཞིག་རེད།

སྒོ་ཕྱུགས་སྟོད་ལ་བཀྲམས་ཏེ་སྨད་ནས་ཡུར་མ་ཡུར་ཆོག་པའི་རྣང་ཞིང་ཞིག་རེད།

སྟག་ཤར་རས་རླུང་རྟ་རི་ནས་སྤུར་ཏེ།

སྨན་བུ་མོས་འབྲི་མོ་ཡུལ་ནས་བཞོ་ཆོག་པའི་ཡུལ་ལུང་དེ་རེད།

གླིང་མྱི་ཁའི་རླུང་བུ་ཤིག་ཤིག་གཡུགས་ཀྱང་སེམས་ཀྱིས་བསྲན་ཆོག

ཆུ་ཆར་བས་འབྱུང་བཞི་རྨང་ནས་བརླན་ཡང་སང་ཉིན་བསྐམ་ཆོག

ཡིན་ཡང་། སེམས་ཀྱི་ཟབ་སར་ལྷུང་བའི་རྨ་ཁ་དེ་དག

རྨང་ནས་གསོ་ཐུབ་པའི་ལྷ་རྗེ་ཞིག་ཡོད་དགོས།

གདོད་ནས་འདག་ཐུབ་པའི་དམ་པ་ཞིག་ཡོད་དགོས།


གཞོན་པའི་སྣང་བ་མཐོན་པོ་རླུང་རྟ་རུ་སྤུར་ས།

བྱིས་པའི་རྨི་ལམ་ཞིམ་པོ་ཆར་རྒྱུན་གྱིས་བརླན་ས།

རྒན་པའི་གོམ་སྒྲ་ཐྲིག་ཐྲིག་རྣ་ལམ་ལ་ལྷུང་སྟེ།

ས་རུབ་དུས་རྨི་ལམ་སྣ་ཚོགས་རྨང་ནས་འཁྲུགས་ས།

ནམ་ལངས་དུས་ཉི་འོད་ལམ་ལམ་ལག་པས་ཟིན་ས།

ཕ་ཡུལ་ལགས། ཨ་ཕའི་མགོ་སྦྲ་དང་ཨ་མའི་འོ་ཟོམ་བདེ་ལེགས་སམ།

ཚ་བོའི་སྨྲ་ལྕེ་དང་ཚ་མོའི་འཛུམ་ཆུང་བདེ་ལེགས་སམ།

ངས་དབྱངས་གསལ་གྱི་ང་རོ་བཏེགས་ནས་ཡུལ་ལ་ཐོན་ཡོད།

ངས་སྦྲ་ནག་པོའི་ལྟེབས་ཆག་གླུ་ཡིས་བཤིག་འདོད།

ལུག་གཡང་དཀར་བལ་ཁ་ཚིག་གིས་བཀྲུ་འདོད།

ཕ་ཡུལ་ཨ། ངའི་མགོ་ལ་མགོ་བྱིལ་བྱིལ་གཏོང་བའི་ཨ་མའི་ཕྱག་ཟུང་།


ཕ་ཡུལ། མེས་པོས་དེབ་ཐེར་དུ་བྲིས་པའི་བཀླག་མི་ཚར་བའི་རྟོགས་བརྗོད།

སྤུན་ཟླས་རུས་རྐང་གིས་བསྐྱོར་བའི་འཇིག་མི་ཆོག་པའི་ཨ་ཡིག

མ་སྲུས་བཞོ་དབྱངས་ལ་དྲངས་པའི་གངས་ཀྱི་གདུང་འབོད།

ངའི་ཞེ་ཁོག་དོག་མོ་རུ་ཡང་ཡང་འཁྱིལ་བའི་མཆོད་མེ་འོད་རླབས་ཇི་བཞིན།

ངའི་མིག་གི་ཡོལ་གོ་རུ་ལྟེམ་ལྟེམ་འགུལ་བའི་གཡུ་ཡི་གཞོང་པ་ནང་བཞིན།

བཀྲུས་ཀྱང་འདག་དཀའ་བའི་ཞེན་ཆགས་ལྕི་མོ།

བཤད་ཀྱང་རྫོགས་མི་སྲིད་པའི་གནའ་གཏམ་རིང་མོ།

གངས་ཀྱི་རྩེ་མོ་ནས་དར་ལྕོག་ཟད་པའི་རྣམ་ཐར་རམ།

གྲམ་པའི་ཉིན་སྲིབ་ནས་གཙང་བོ་སྐམ་པའི་ངུ་ཤུམ་དག

རླུང་གི་གཤོག་པས་བཏེགས་ཏེ་རྒྱང་རིང་ལ་ཕྱིན་ཡང་།

སླར་ཡང་ཡིད་ལ་འཁོར་བའི་ཐ་སྙད་ཀྱི་མངར་ཁ་ཞིམ་པོ།


ཕུགས་བསམ་གྱི་བུ་ཆུང་རྒྱང་ལ་མངགས་ཀྱང་།

ཞེན་ཆགས་ཀྱི་སེམས་པ་ཤུལ་ནས་ལུས་དོན།

མིང་སྙན་མོ་ཞིག་དྲན་པའི་ཟབ་སར་ལུས་པས་ཡིན།

མ་དྲིན་མོ་ཆེའི་མིག་ཟུང་མཆི་མས་བཀང་བས་ཡིན།

ངས་ད་དུང་ཁྱེད་ཀྱི་པང་ནས་གཏམ་རྒྱུད་ཀྱི་རྩམ་པ་བརྫི་དགོས།

ངས་ད་དུང་ཁྱེད་ཀྱི་མིག་ནས་མི་ཚེ་ཡི་དགའ་སྐྱོ་འཁྲབ་དགོས།

ཕ་ཡུལ་ཨ། ངའི་དྲན་གདུང་གི་འོ་མར་རུལ་རྒྱུ་མི་འདུག

ཕ་ཡུལ་ཨ། ངའི་དུངས་ཞེན་གྱི་མར་ལོར་ཞུ་རྒྱུ་མི་འདུག

བླངས་བླངས་ཏེ་མགྲིན་པ་རལ་ཡང་།

བསྐྱོར་བསྐྱོར་ནས་ངག་སྒོ་འགག་ཀྱང་།

གཙང་ཆུའི་རླབས་སྒྲ་ལྟར་འཇགས་མི་སྲིད་པ་ཁྱེད་ཀྱི་གཏམ་རྒྱུད་རེད།


ཁ་སང་གི་ཉི་མ་རི་ལ་བསྐྱལ་ཀྱང་།

དོ་ནུབ་ཀྱི་ཟླ་འོད་སེམས་སུ་འཁྱིལ་དོན།

ཁྱེད་ཟེར་བ་ཞིག་རུས་པའི་གསེང་དུ་དཀག་པས་ཡིན།

སྤུན་ན་ཟླ་ཚོའི་གདོང་ལ་ཐལ་བ་ཆགས་པས་ཡིན།

ངས་ད་དུང་ཁྱེད་ཀྱི་དབུ་ནས་མྱི་ཁ་ཡི་སྐྲ་ལོ་བསླ་དགོས།

ངས་ད་དུང་ཁྱེད་ཀྱི་ངག་ནས་ལ་གཞས་ཀྱི་ཚེ་སྲོག་གསོ་དགོས།

ཕ་ཡུལ་ཨ། ངའི་དོན་སྣོད་ཀྱི་བག་མ་གནས་ལ་མི་འགྲོ།

ཕ་ཡུལ་ཨ། ངའི་ལུས་ངག་གི་གཙང་པོ་མྱི་ཁས་མི་སྐམ།

ཡིག་དྲུག་གི་ཟློས་བརྗོད་དམུར་བའི་བགྲེས་པོ་ཚོ།

རི་ཚོགས་ཀྱི་དཔུང་རྡང་བསྐྱོར་བའི་གྱད་མི་ཚོ།

ད་དུང་ཡང་གཡང་ས་ཞལ་དཀར་འདིའི་སོ་སྲུང་བ་ཡིན།

ནང་མཐུན་གྲོས་འགྲིག་གི་སོ་སྲུང་བ་ཡིན།


ཕ་ཡུལ། ངའི་སེམས་པའི་ཆེས་མཐོ་བའི་དག་ཞིང་དཀར་པོ།

སྟག་དང་འབྲོང་གི་རྣམ་ཤེས་ཀྱི་དགོད་སྒྲ་འཁྱིལ་ས།

མེས་པོའི་རུས་རྐང་གི་དབྱངས་རྟ་ས་གཞིའི་མངལ་དུ་སྦྲུམ་སྟེ།

རིགས་ཀྱི་འདུ་ཤེས་ལ་རྟགས་དང་ཐམ་ཀ་བཀོད་པའི་གླེགས་བམ་དུ་བསྔགས་ཀྱང་།

ད་ནི་རི་སྤྱང་དང་ཁྱི་ལྡོམ་ཉིན་དཀར་ཡིན་ཡང་ལུག་ཁྱུར་རྒྱུག་ཕོད་ཅིང་།

ཨ་ཕའི་ཕོར་བ་དང་ཨ་མའི་འོ་ཟོམ་ཡིན་ཡང་ལྕེ་ཡིས་ལྡག་ཐུབ་པའི་དེ་རིང་།

ངས་རི་གང་མཐོའི་ཟོམ་ནས་དར་ལྕོག་བསླངས་ཏེ།

ཆུ་གཙང་པོའི་གཞུང་ལ་ཟམ་པ་འཕངས་ན།

འབྲོང་གི་རྣམ་ཤེས་ལ་བླ་བཀུག་བྱ་ཐུབ་བམ།

གཡང་གི་མགོ་སྦྲ་དེར་དྲོད་ཁོལ་བསུ་ཐུབ་བམ།

ངས་འདི་ལྟར་བསམ་གཞིག་ལྷག་མ་ཞིག་ལ་མེ་ཁ་གསོས་ཏེ།

རང་གི་ཉོན་མོངས་ཀྱི་བུད་ཤིང་ཐམས་ཅད་མེ་རུ་བསྒྲོན་ཀྱང་།

དུངས་ཞེན་གྱི་གཙང་པོར་འགོག་ཐབས་མི་འདུག་ལ།

དྲན་ཤེས་ཀྱི་རྟ་ཕོའི་བང་ཁའང་སྔར་བཞིན་ཕ་ཡུལ་དུ་ལོག་འདོད།


ཕ་ཡུལ་ལགས།

སྤྲིན་དཀར་པོའི་རྔམ་ཁའི་གསེབ་ཏུ།

ཆུ་གཙང་པོའི་འཁྱུག་འགྲོས་བར་ན།

སོས་དལ་མོས་རྩྭ་ཁར་ཡན་པའི་གཡང་དཀར་ལུག་ཁྱུ།

རྭ་རྣོན་པོས་ནམ་མཁའ་འདེགས་པའི་བྲེ་སེར་འབྲོང་ཁྱུ།

ཡུལ་ལུང་ཆུང་ཆུང་འདིའི་མཇུག་མཐའི་སྒོ་སྲུང་དུ་བཞག་སྟེ།

ཕུ་ནུའི་དཔུང་རྡང་དམ་པའི་དམ་བཅའ་བརྟན་པོ།

ཡུལ་མི་རེ་རེའི་མིག་གི་རྣོ་དབལ་ལ་བཅོལ་ནས།

བསྐལ་བའི་སྒྲུང་གླུ་རིང་མོ་ངག་ལ་འགུག་དགོས།

རུས་པའི་སྲ་མཁྲེགས་དཀར་པོ་སྲོག་གིས་སྲུང་དགོས།

ཕ་ཡུལ་ཨ།

ང་ནམ་ཡང་ཁྱེད་ཀྱི་འབྱུང་བཞི་ལས་ཤག་ཤག་བརྡོལ་བའི་ཆུ་མིག་ཅིག་བྱ་འདོད།




藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章