བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
སེམས་འཛིན་མེ་ཏོག་གངས་ལྷ།
____བྱིས་པའི་དུས་ཆེན་ལ་ཕུལ།
འཆི་མེད་ཀྱིས་བརྩམས།
རྡོ་རྗེ་འཚོས་གྱེར།
བརྗིད་ཆགས་གངས་རི་དཀར་བོའི་ལྕོག་ཏུ་བཞད་པའི་ང་ཡི་སེམས་འཛིན་གྱི་མེ་ཏོག་གངས་ལྷ་ཁྱོད། དུས་ཚིགས་ཀྱི་དཔལ་འབར་བའི་དབྱར་གཞུང་རེ་རེ་དང་ལྷན་དུ་ངས་ལོ་ཟླ་སུམ་ཅུའི་ཆབ་རྒྱུན་གསལ་བྱེད་སུམ་ཅུའི་སྐྱོགས་ལ་བཅུས་ཏེ་ཁྱོད་ཀྱི་འཚར་བསྐྱེད་ལ་རམ་འདེགས་ནར་མར་བྱས་ཤིང་ངལ་དུབ་དང་སྒྱིད་ལུག་ལ་ཁ་འཛིན་མ་བྱས་པར་ཁྱོད་ཀྱི་རང་དབང་དང་ཕུན་ཚོགས་བདེ་སྐྱིད་ཀྱི་ཉི་མ་འདི་བསུས་པ་གྲངས་མེད་ཡིན་ནའང་ང་ལ་ད་དུང་སུན་པ་མི་འདུག་ཅིང་སྤྲོ་བའི་ངང་ཁྱོད་ལ་བཀྲ་ཤིས་པའི་ཁ་གཡང་འབོད་བཞིན་ཡོད།
དུས་ཚོད་ཀྱི་ཐག་སྒྲས་འཁྲིད་པའི་འདབ་མ་མང་བོ་ལྷུག་པོར་གྲོལ་བ་རབས་དང་རིམ་པ་ཡིན་ནའང་སླར་ཡང་མཛེས་སྡུག་ཡིད་དུ་འོང་བའི་གང་བུ་མཐའ་ཡས་པ་ཞིག་སེམས་པའི་རི་ཐང་ཡོངས་སུ་རེ་བ་དང་ཕུགས་འདུན་གྱི་ཟིལ་བ་ཁྲོམ་ཁྲོམ་ངའི་མགྲིན་པའི་འཕྲང་དུ་ལྷགས་པའི་སྙིང་གཏམ་ཕྲན་བུ་འདི་ལ་རེ་བའི་མགོ་ལྕོག་ལྡེམ་ཞིང་དགའ་བའི་འདབ་མ་ཡོམ་པ་དང་ཇི་འདྲའི་མཚུངས་ཨང་།
ཁྱོད་ནི་དྲི་བསུང་དང་འཚར་བསྐྱེད་ཀྱིས་སྟོངས་པའི་འགྱིག་བཟོས་མེ་ཏོག་མིན་ལ་ཉི་ཁྱམས་དང་རྫ་བུམ་ལ་བསྙོར་ཅིང་སྦྲང་མ་དང་ཕྱེ་ལེབ་ཀྱི་གཤོག་འགྱུ་མ་མཐོང་བར་སྐྱེས་མ་ཐག་ནས་རྒས་འགྲོ་བ་དེའང་ག་ལ་ཡིན་ཏེ་མ་ཡིན་ནོ།།
ཁྱོད་རང་ཁ་བ་དཀར་བོའི་འཕྱོ་འགྱུ་དང་བསྡོངས་ཏེ་ས་འཛིན་གྱི་ཟེ་བར་སྤྲོ་དགའི་ངང་བབས་པ་ནི་ཡབ་མེས་ནས་བརྒྱུད་པའི་ཟླ་མེད་ཀྱི་ལྷག་བསམ་དང་སྤོབས་པའི་རང་མདངས་ཡིན་ལ། ལྷུང་ལྷུང་གཙང་ཆབ་རིང་མོའི་འགྲམ་ལ་སྡུག་གུར་བཀྲ་བ་ནི་ལྷད་མེད་དྭངས་གཙང་དང་གཞུངས་བཟང་ངང་རྒྱུད་རིང་བོའི་མ་བཅོས་པའི་ཁ་དོག་འཚེར་འཚེར་
བྱས་པ་ཉིད།
དེ་ལྟ་ནའང་ཁྱོད་རང་གཅིག་ལས་གཅིག་རིང་བའི་ཨར་ཁང་གི་མཆེ་བ་དགུང་དུ་གཟེངས་ཤིང་སྙིགས་མའི་སྙིགས་མ་མཆིས་སོ་ཅོག་གི་ཁ་སྤུ་འཇོལ་འཇོལ་ནད་ཡམས་དང་ངན་གཡོའི་མ་ཡུམ་དུ་གྱུར་ཅིང་དཔལ་ཡོན་གྱི་རླབས་རྒྱུན་ཡིན་ནོ་ལོ་དེའི་ཝུ་བར་སྤྲུལ་ཏེ་འཇིགས་སུ་རུང་ལ་མིའི་རིགས་ཀྱི་མ་འོངས་པའི་སྲོག་གཅོད་གཤེད་མའི་རུ་དཔུང་ལྟ་བུའི་གནས་ཤིག་ལས་མཆེད་པ་མ་ཡིན་པས་ངས་ནི་ཁྱོད་ལ་ཞེ་རྩིས་ཀྱི་མིག་ཟུང་ནམ་ཡང་ཅེར་ནས་ཡོད།
ཁྱོད་ལ་ཀ་ཁ་ག་ངའི་ཟེའུ་འབྲུ་རྒོད་ཅིང་སྦྲང་དཀར་རྩམ་པའི་དྲི་བསུང་འཐུལ་ལེར་དབྱར་མགོ་མ་རེ་རེར་དུས་སྟོན་བྱས་པའི་དོན་པོར་སྟོན་འབྲུ་གུའི་དུས་སུ་བཅུད་ཀྱིས་གཏམས་ཏེ་ངའི་རུས་པ་དཀར་བོའི་ཡབ་མེས་ཚོའི་དགོངས་པ་གསོ་བའི་སྨན་དུ་གྱུར་ཅིག་གུ།
ཁྱོད་རང་ངའི་རྨི་ལམ་གྱི་ས་བོན་གདབ་སའི་ས་ལེ་སྦྲམ་གྱི་འཇིག་རྟེན་གཅིག་པུ་དེ་ཡིན་པས་ཁྱོད་ལ་ཁ་བ་དཀར་བོའི་མདངས་འཕྲོ་ཞིང་ཞོ་དང་འོ་མའི་བཅུད་འཛོམས་ཏེ་མར་དང་ཆུར་བའི་དྲི་བྲོ་བར་སྨོན་ཞིང་གསོལ་ལོ།།
ཁྱོད་རང་རྫས་དུད་དང་གཞོབ་དྲིས་མ་རྙིད་པར་བསེར་མ་རླུང་གི་བྱིལ་བྱིལ་ཉག་གཅིག་ལས་ནག་ནོག་གི་དྲི་མས་མ་རེག་པའི་ཁྱོད་ཀྱི་རང་གཤིས་ནི་ནམ་ཡང་གངས་རི་དང་རྫ་རིའི་སྤོ་ལས་གྲོལ་བ་མངོན་པར་ཡིད་ཆེས་དང་། མདོར་ན་ཁྱོད་ནི་འཇིག་རྟེན་འདིའི་རྒྱན་དང་བཅུད་དུ་འགྱུར་བར་ཤོག
ཁྱོད་ནི་ཁ་བ་གངས་ཅན་པའི་ཡ་ཐོད་མིག་ལ་གསལ་བའི་རྣོ་དང་མ་མགུལ་ཁ་རུ་དངར་བའི་སོ། གསལ་བྱེད་སུམ་ཅུའི་གདངས་ལས་འཁྲུངས་པའི་དམར་བོ་ལྕེ་དང་བདེན་པའི་ཤེས་རབ་ཉག་གཅིག་གི་ངོ་བོར་ཐིམ་སྟེ།. ཁྱོད་ཀྱིས་རྨི་ལམ་དང་སྒྱུ་མའི་ཞིང་ཁམས་ཉུལ་འདྲའི།འཕྲུལ་སྣང་དང་འཇའ་གཟུགས་ལ་སྤར་སྙབ་བྱས་འདྲའི་སྤྱི་མཐུན་གྱི་དམུ་གབ་རྔམས་མཐུག་པ་འདི་རྨང་ནས་དབྲལ་བར་རྩོམས་ཤིག་ཀྱེ།
༢༠༡༦.༦.༡ཉིན།
གངས་ཞུན་གྱིས་གྱེར་ཚིག་བརྩམས།
དབྱངས་ཅན་གྱིས་གྱེར་འདོན་བྱས།
བྱིས་པ་ཚོ་ལམ་ཐག་རིང་པོ་ཞིག་ཏུ་མ་ཐོན།
མཐོང་ཐོས་ཉུང་དྲགས་པའི་རྐྱེན་གྱིས།
དུས་ཚོད་ཐུང་ངུའི་ནང་དུའང་དྲན་ཚུལ་མང་པོ་མང་པོ་ཞིག་བརྗེ་སྲིད།
བྱིས་པ་ཚོ་དཔེ་གསར་དང་ངོ་མཚར་ལ་དད།
བྱིས་པ་ཚོ་རྩེད་ཆས་དང་ཟས་རིགས་སོགས།
མིག་སྔར་གང་ཡག་གང་ཞིམ་ལ་དགའ།
བྱིས་པ་ཚོས་ཟབ་མོ་ཟབ་མོ་ཞིག་གམ།
རྙོག་འཛིང་རྙོག་འཛིང་ཞིག་ལ་བསམ་བློ་གཏོང་མི་ཤེས།
བྱིས་པ་ཚོ་རང་ཉིད་ངོམ་པར་སྤྲོ།
བྱིས་པ་ཚོ་ནམ་ཡང་མཐོ་ས་ཞིག་ལ་བུད་ནས།
རང་ཉིད་རྒྱལ་བོ་ཞིག་གམ་དམག་དཔོན་ཞིག
ཡང་ན་མི་ཆེན་གཞན་ཞིག་གི་ཚུལ་དུ་བཅོས་ནས།
གཞན་དག་ལ་བཀོད་སྒྲིག་དང་དབང་བསྒྱུར་བར་དགའ།
མཚམས་མཚམས་ལ་ཁོ་ཚོས་དེ་རྩེད་མོ་ཡིན་པའང་བརྗེད་འགྲོ།
བྱིས་པ་ཚོར་ཅི་ཞིག་ཤེས་འདོད་ཆེ་བས།
བྱིས་པ་ཚོས་དྲི་བ་དང་དོགས་སློང་སྣ་ཚོགས་ཁྱེར་ནས།
བསམ་ཤེས་མང་པོ་ངུ་མ་དགོད་དུ་གཏོང་ཞིང་།
དར་མ་ཁ་ཤས་ལ་སུན་པོ་ཞི་དྲག་བཟོ་བར་བྱེད།
བྱིས་པ་ཚོས་ནང་ཁུལ་དུ་རྩོད་གླེང་སྣ་ཚོགས་བྱེད།
ཉི་མ་གང་ནས་འཆར་བ་དང་སྒྱུ་སྐར་ཅི་འདྲ་མང་བ།
མེ་ཏོག་ཅིའི་ཕྱིར་མཛེས་བ་སོགས་བརྩད་དེ་རྒྱལ་ཁ་གཞན་ལ་སྟེར་མི་འདོད་ཅིང་།
སྐབས་འགར་རང་ཉིད་ཕམ་པ་ཤེས་ནའང་ངོ་ཐོག་ནས་ཁས་མི་ལེན་པར།
མི་མེད་ས་ནས་ད་གཟོད་ལྕེ་བསྣར་བྱེད་བཞིན་རང་ལ་འགྲམ་ལྕག་ཡང་མོ་གཞུ་ངེས།
བྱིས་པ་ཚོས་ཕ་མས་ནམ་ཡང་རང་ལ་སྙིང་རྗེ་དང་ཀུ་ཡངས་གནང་བ་ཤེས་པས།
ཕ་མར་རྫིག་རྫིག་གིས་སུན་འབྱིན་དང་རྒོལ་གཏམ་བཏང་སྟེ།
རང་ཉིད་ཀྱི་ཡོན་ཏན་དང་གཟི་བརྗིད་ངོམ་པར་བྱེད་ཅིང་།
སློབ་གྲྭའི་སྒྲིག་ལམ་དང་དགེ་རྒན་གྱི་རྔམ་བརྗིད་ལ་སྐྲག་ཐག་ཆོད་དེ།
ཡ་རབས་ཚུལ་ལྡན་ཞིག་ཡིན་པའི་གུས་ཚུལ་ཡང་ཡང་སྟོན།
བྱིས་པ་ཚོས་འཇིག་རྟེན་གྱི་ཟང་ཟིང་མི་ཤེས།
ཟང་ཟིང་རྒྱབ་ཀྱི་ཟང་ཟིང་གི་འབྲེལ་བ་མི་ཤེས།
བྱིས་པ་ཚོས་སྣ་རྐྱང་གི་མིག་སྔའི་དགོས་མཁོ་ཞིག་ལ་དམིགས་ནས།
ཁྱིམ་བདག་དང་ཕུ་ནུ་ཚོར་འཁང་ར་དང་སྡུག་སྨྲེ་སྣ་ཚོགས་བཏོན་ཏེ།
རང་ཁྱིམ་གྱི་འཚོ་བར་དཀའ་ཁག་གང་མང་བཟོ་བར་བྱེད།
བྱིས་པ་ཚོ་ནམ་ཡང་འུར་ཟིང་བཟོ་བར་མོས།
བྱིས་པ་ཚོས་ཡོད་པ་ཞིག་ལ་མེད་པར་བཤད་དེ་ཐལ་མོ་རྡེབ་ལ།
མེད་པ་ཞིག་ལ་ཡོད་པར་སྨྲས་ནས་ཧབ་ཆ་རྒྱག་པར་བྱེད།
སྐབས་སྐབས་སུ་རང་ཉིད་ཀྱང་མགོ་འཐོམས་ནས་མིག་གིས་རིག་རིག་ལྟ།
བདེ་སྲུང་པ་ཐོན་དུས་བྱིས་པ་ཚོ་ཕྱོགས་བཞིར་ཐོར་ནས་གར་སོང་མི་ཤེས།
བྱིས་པ་ཚོ་རང་ཉིད་ལ་ཡིད་ཆེས་བརྟན་པོ་མེད།
བྱིས་པ་ཚོ་གཞན་གྱི་ཟེར་སྒྲོས་ལ་རྒྱུག་སྟེ།
ཡོད་ཚད་ཐག་རིང་ཐག་རིང་ཞིག་ན་ཡོད་པར་འདོད་ཅིང་།
ཐམས་ཅད་ཕ་གི་ཕ་གི་ཞིག་ནས་རྙེད་དགོས་པར་བསམ་པས།
བྱིས་པ་ཚོ་ད་དུང་དཀའ་ཁག་མང་པོ་མང་པོ་ཞིག་ལ་འཕྲད་ངེས།
ཡིན་ན་ཡང་བྱིས་པ་ཚོར་རང་བཀུར་དང་རང་གཅེས་ཀྱི་བསམ་བློ་ཡོད།
བྱིས་པ་ཚོར་ཤེས་འདོད་དང་ཡར་ཐོན་གྱི་འདུན་པ་ཡོད།
བྱིས་པ་ཚོར་ཕ་མར་བཀུར་ཞིང་རྩེད་གྲོགས་ལ་དུངས་བ་ཡོད་པས།
བྱིས་པ་ཚོར་གཅེས་སྐྱོང་དང་བྱམས་བྱམས་བྱེད་རོགས།
བྱིས་པ་ཚོར་མཛུབ་སྟོན་དང་སྐུལ་མ་མཛད་རོགས།
བྱིས་པ་ཚོར་བྱིས་པ་ནང་བཞིན་སློབ་གསོ་དང་ཀུ་ཡངས་གནང་རོགས།
དྲུག་གཅིག་བྱིས་པའི་དུས་ཆེན།
གྱེར་ཚིག་རྩོམ་པ་པོ། ཀ་རྒྱའི་འཕགས་པ་ཚེ་རིང་།
གྱེར་འདོན་པ་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་མ།
འཕགས་པ་ཚེ་རིང་། ཆོས་མཚོ་སྐྱིད། བྱ་སྒྲོན་སྐྱིད། སྐལ་བཟང་རྒྱལ། མགུར་དབྱངས་བསྟན་འཛིན།
ང་ནི་གངས་རིའི་བུ་ཕྲུག་ཡིན།
ཆུ་རྒྱུད་གངས་དང་མི་རྒྱུད་ལྷ་ནས་ཆད།
ང་ནི་སྤང་ལྗོངས་འདིའི་བདག་པོ་ཡིན།
སྟོད་ན་མངའ་རིས་སྐོར་གསུམ།
བར་ན་དབུས་གཙང་རུ་བཞི།
སྨད་ན་ནི་མདོ་ཁམས་སྒང་དྲུག
ང་ནི་གངས་ལྷ་མེ་ཏོག་ཡིན།
དཀར་དམར་མདངས་ལ་གསེར་གྱི་རྣ་གོར་དང་།
དམར་སྣུམ་མཁུར་ཚོས་ལྡན་པའི་ཤར་མོ་ཡིན།
ང་ཚོ་བྱུ་རུ་དམར་པོ་ཡིན།
ང་ཚོ་གཡུ་ཆུང་དྲུག་དཀར་ཡིན།
ང་ཚོ་ཁ་བའི་འདབ་མ་ཡིན།
ང་ཚོ་རྨི་ལམ་རྨི་རོགས་ཡིན།
དབུས་གཙང་ཉི་མ་ལྷ་སའི་བུ་ཆུང་ཚོ།
མདོ་སྟོད་ཟླ་བ་ལྷ་མོའི་བུ་ཕྲུག་ཚོ།
མདོ་སྨད་སྐར་ཚོམས་ཞིང་གི་བུ་ཆུང་ཚོ།
ང་ཚོ་ཚང་མ་གངས་ཀྱི་མེ་ཏོག་ཡིན།
དུང་དཀར་པོ་གཅིག་གི་དར་མདའ་སྟེ།
ཕ་རྩེ་བུ་རབས་ཡིན། མདའ་རྩེ་སྒྲོ་རབས་ཡིན།
དྲུག་གཅིག་བྱིས་པའི་དུས་ཆེན།
བྱིས་པ་དྲུག་གཅིག་གི་བདག་པོ།
འཛམ་གླིང་འཛུམ་པའི་ཉིན་མོ།
བྱིས་པའི་འཛུམ་མདངས་མེ་ཏོག་མཐིལ་ལ་ཐོར།
དབྱར་ཟླ་ར་བའི་ཉི་འོད་འཇམ་པོ།
འཇམ་ཡུག་ཡུག་གི་བོད་ལྭའི་གོས་ལྟེབ་ན་འཁྱུད།
ལང་ཚོའི་རྨི་ལམ་རུམ་པའི་བྱ་ཁྱུ་དཀར་པོ།
མཚོ་བོད་མཐོ་སྒང་ནས་གཤོག་རྡང་འཐེན་པའི་གངས་ཀྱི་བུ་ཕྲུག
ལོ་གསུམ་དུས་སུ་མནོལ་སྐྲའི་རྟེན་འབྲེལ་བསླངས།
ལོ་དྲུག་དུས་སུ་ཀ་ཁ་འཚོལ་དུ་སོང་།
ཕུགས་བསམ་དཔེ་ཁུག་ཏུ་བཅུག་པའི་བྱིས་པ་ཞིག
སེམས་པ་སྤྲིན་དཀར་གྱི་མཐིལ་ལ།
གསེར་འོད་འཕྲོ་བའི་ཡིག་ཆུང་ཉར་མཁན་ཡིན།
གཟི་འོད་འཚེར་བའི་མིག་ཟུང་ན།
དབྱངས་གསལ་གྱི་ལུག་ཁྱུ་འཚོ་བཞིན།
ཨ་ཡིག་ལ་ཕུགས་བསམ་གྱི་གཤོག་རུ་གནང་མཁན་ཡིན།
གངས་རི་དཀར་པོ་ང་ཡིན།
ཆུ་ཤེལ་མེ་ལོང་ང་ཡིན།
མཐོ་བའི་སྤྲིན་དཀར་ང་ཡིན།
དམའ་བའི་མཚོ་མོ་ང་ཡིན།
ངས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
ལྷད་མེད་ཀྱི་འཛུམ་མདངས་གདུ་བའི་བུ་ཆུང་ཚེ་རིང་ལོ་བརྒྱ།
མཚོ་ཆུང་གི་འཇམ་ཤ་འདྲེས་པའི་བུ་མོ་གཟུགས་སྒྲོན་ལྷ་མོ།
བློ་སྤོབས་བརྗིད་པོ་རྡོ་རྗེ་བྲག་ལ་སྐྱེས་ཤོག
ལྷོད་ཤ་གཡེར་བོ་འཇམ་པོ་བལ་ལ་ཆགས་ཡོད།
གངས་རིའི་སྤུན་ལ་སྐྱེས་ཤོག
མཚོ་ཆུང་གི་མདངས་ལ་འཁོར་ཤོག
དྲུག་གཅིག་བྱིས་པའི་དུས་ཆེན།
བྱིས་པ་ལྷད་མེད་ཁ་བའི་རང་མདངས།
ལྷད་མེད་དྭངས་མོ་ཤེལ་ལས་མཐོང་ཤོག
དྲུག་གཅིག་བྱིས་པའི་དུས་ཆེན།
བྱིས་པ་མཛེས་སྡུག་འཇའ་ཚོན་སྣ་བདུན།
འཇའ་ཚོན་གཞུ་མོ་སེམས་པའི་མདའ་ལ་ཕྲད་ཤོག
དྲུག་གཅིག་བྱིས་པའི་དུས་ཆེན།
བྱིས་པ་ཆུང་ཆུང་ཕ་དང་མ་ཡི་ནོར་བུ།
ཕ་དང་མ་ཡི་ཡ་ཐོད་མིག་ལ་སྤྲུལ་ཤོག
དྲུག་གཅིག་བྱིས་པའི་དུས་ཆེན།
བྱིས་པ་ཆུང་ཆུང་དགེ་རྒན་དམ་པའི་བུ་ཕྲུག
དགེ་རྒན་དམ་པའི་ལེགས་བཤད་འོ་མཚོ་འཐུང་ཤོག
རིགས་ཀྱི་བླ་སྲོག་སྦྲུམ་པའི་སྙན་འཇེབས་ངག །
ངག་ཏུ་གྱེར་བའི་ཤེས་ལྡན་གཞོན་ནུའི་ཁྱུ།།
ཁྱུ་མཆོག་ཇི་བཞིན་གདོང་དམར་སྣེ་དྲངས་ཏེ།།
ཏེ་བོའི་གནས་སུ་འཕགས་ལ་སོམ་ཉི་ཅི།།
བོད་ཀྱི་སྙན་ངག་པ་གྲགས་ཅན་ལྡོང་ཕྲུག་ནས།
སྙན་འཇེབས་ངག་གི་གདངས་དབྱངས་འདི་ན་འཁྱིལ།།
གསལ་དག་དབྱངས་ཀྱི་ཟིལ་ཤུགས་འདི་ན་རྫོགས།།
ཚོར་བས་མི་སེམས་འཕྲོག་པའི་ངག་གི་འཕྲུལ།།
བོད་ཀྱི་གྱེར་འདོན་སྒྱུ་རྩལ་དར་བར་ཤོག།
བོད་ཀྱི་གྱེར་འདོན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་ནས།
གསལ་དག་སྙན་པའི་གདངས་དབྱངས་གྲོགས་སུ་ཁྱེར།།
ཆགས་སྡང་སྒྱུ་རྩལ་རྣམ་ཤེས་སྲོག་ཏུ་ཞུགས།།
གངས་ལྗོངས་མགྲིན་ངག་འབར་བའི་རྟེན་འབྲེལ་དུ།།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་བྱོན་པ་ལེགས།།
བོད་ཀྱི་སྙན་སྒྲོན་པ་གྲགས་ཅན་དབྱངས་ཅན་ནས།
དེ་ཡང་། མེས་པོ་དམ་པ་གོང་མ་དག་གི་བློ་གྲོས་ཀྱི་མྱུ་གུ་ལས་འཁྲུངས་པའི་རྩོམ་རིག་གི་གཙང་བོ་འདིའི་བཞུར་རྒྱུན་ཉམས་པ་མེད་པར་མུ་ནས་མུ་རུ་མཐུད་ཅིང་། ལོ་ཟླའི་འཁོར་སྐྱོད་དང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དེང་གི་དུས་འདིར་སླེབས་པ་ན། དེ་ཉིད་ཚིག་གི་སྦྱོར་བ་དང་དོན་གྱི་སྙིང་བོས་འཁྱིལ་བའི་མཚོ་མོ་ཙམ་ཞིག་མ་ཡིན་པར། ངག་གི་སྒྱུ་རྩལ་གྱི་རླབས་ཕྲེང་ཁོ་ནས་ངེད་ཅག་ལ་རོལ་མྱོང་གི་དགའ་སྟོན་གྱ་ནོམ་པ་ཞིག་ཀྱང་ཕུལ་ཡོད་པས་ན། འདིར་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོས་འདས་པའི་ལོ་ངོ་གཅིག་གི་རིང་ལ་བོད་ཀྱི་རྩོམ་རིག་དང་སྒོས་སུ་གྱེར་འདོན་གྱི་ལས་དོན་རླབས་པོ་ཆེ་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་མཛད་འཕྲིན་བླ་ན་མེད་པ་བསྐྲུན་དང་སྐྲུན་མུས་ཡོད་པ་འདི་ལ་དུས་ནམ་ཡང་ཡི་རང་དང་བཀུར་བསྟི་བྱེད། དེ་དང་ལྷན་ཅིག་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བཙུགས་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཞོར་དུ་མ་འོངས་པའི་ལམ་ཁ་ཡངས་ནས་ཡངས་སུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུའོ།།
སྙན་ངག་པ་འབྲོང་ཕྲུག་ནས།
རྔམ་ཁ་ཅན་གྱི་ལྷུན་པོའི་རྩེ་མོས་ཁ་བ་དཀར་པོའི་ཞྭ་མོ་གྱོན་སོང་།།
ཆུ་ཕྲན་དྭངས་གསལ་ཤང་ཤང་རྒྱུ་བས་ཆུ་འདབས་ལྗོན་པའི་ར་ལག་བཀུག་བྱུང་།།
གྱ་གྱུའི་མགྲིན་དབྱངས་མཚོ་ལ་ཐིམ་པས་འདབ་ཆགས་དེ་དག་ནགས་ལ་བཞུད་སོང་།།
འོན་ཏེ་ཁེར་སྐྱེས་འཇོལ་མོ་ཁྱེད་རང་གྲེ་བ་སང་སང་སོས་ག་བསུས་ཡོང་།།
སྣེ་མང་སྤྱི་ཚོགས་ཆ་འཇོག་མེད་པ་གང་ལ་སོང་ན་འདྲ་འདྲ་ཡིན་འདྲ།།
སྣེ་མང་འཚོ་བའི་མེ་ལོང་སྔོན་པོ་ག་དུས་ཡིན་ཡང་གཡའ་ཡིས་མ་གོས།།
འཇོལ་མོ་ཁྱེད་རང་གྲེ་བ་བསལ་ཤོག་གདངས་སྙན་དབྱངས་ལ་འགགས་པ་མེད་ཤོག།
ཁྱེད་རང་གྲེ་འགྱུར་ཉམས་པ་མེད་ན་ནམ་ཞིག་བྱ་ཁྱུས་མཐའ་ནས་བསྐོར་ཡོང་།།
ཞེས་འཆི་མེད་ཀྱིས་གུས་ཕུལ།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
ཁྱེད་ཀྱིས་ང་ཡི་རྣམ་དཔྱོད་བཏེགས་ཏེ་ཆོལ་གསུམ་ཡུལ་ལ་གཡས་བསྐོར་བརྒྱབ་སོང་།
ཁྱེད་ཀྱིས་ང་ཡི་མགྲིན་པ་བཏེགས་ནས་ས་སྒང་རིལ་མོར་དཀྲིས་གསུམ་བྱས་སོང་།
དེ་བས། ངས་ཁྱེད་ལ་དུས་གསུམ་གྱི་མ་མ་ཞེས་བོས་ཡོད།
ཁྱེད་ཀྱིས་གསར་དུ་གྱེར་འདོན་ལ་ཕྱོགས་ཀྱིན་པའི་གཞོན་རབས་དག་ཁྲིད་དེ།
སྒྱུ་རྩལ་ཞིག་གི་ཞིང་ཁམས་བསྟན་སོང་།
ངག་རིག་ཅིག་གི་ཁ་དོག་བསྟན་སོང་། ཚོར་འདུ་ཞིག་གི་རླབས་རྒྱུན་བླུད་སོང་།
དེ་བས།
ཁྱེད་ནི་དུས་ཀྱི་ལམ་སྣ་འདྲེན་པའི་མ་མ་རེད།
བོད་སྐད་ཡིག་གི་སྲོག་ཤིང་འདེགས་པའི་དབྱངས་རྟ་རེད།
ངས་མགྲིན་པ་གཟེངས་སུ་བཏེགས་ནས་ཁྱེད་རང་ཁྲི་ལོར་ཤོག་ཅེས་འབོད་ངེས།
ཁྱེད་ཀྱིི་རུས་གསེང་ནས་ངས་ཕ་སྐད་མ་ཡིག་གི་བྲོ་བ་གསར་དུ་རྙེད་པས་ཡིན།
ཁྱེད་ཀྱི་གདངས་འགྲོས་ལས་ངས་མེས་པོའི་མགྲིན་ངག་གི་དྲན་པ་སླར་ཡང་སོས་པས་ཡིན།
ཁྱེད་ཀྱི་ཟིལ་ཤུགས་ལས་ངས་ཐོན་མིའི་རྣམ་དཔྱོད་ཀྱི་ཁ་དོག་གཞན་ཞིག་མཐོང་བས་ཡིན།
ཞེས་ཀྱེ་ཕུར་མཆོག་གསུམ་ནས།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་གཉེར་ནས་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་ཁ་ཤས།
སྤྱི་སྟེགས་འདི་ནི་བོད་གངས་ཅན་པའི་ཉག་ཕྲ་བའི་སྐད་ཡིག་གི་ལས་དབང་ལ་དོ་ཁུར་བྱ་བའི་སྤྱི་སྟེགས་ཤིག་ཡིན་ལ། སྤྱི་སྟེགས་འདིས་ངང་ངམ་ཤུགས་ཀྱིས་ལོ་རབས་ཤིག་གི་འགན་ཁུར་ཕྲག་ཏུ་ཁུར་སྟབས། དམིགས་ཡུལ་དང་ཚད་གཞི་མེད་པའི་སྤྱི་སྟེགས་གཞན་དག་ལས་འགོངས་དོན་དེ་ཡིན་ལ། སྤྱི་སྟེགས་འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྱེར་ཚིག་རྩོམ་པ་པོ་དག་གི་ནང་སེམས་ཀྱི་དགའ་སྐྱོ་ཆགས་གསུམ་བྱོ་ས་དང་། གྱེར་འདོན་པ་དག་གི་གསལ་དག་སྙན་གསུམ་གྱི་མགྲིན་པའི་རྩལ་ཤུགས་ངོམ་ས་ཡིན་པས་ཁ་གཡང་དང་ཟོལ་བཅོས་ཀྱིས་བསླུས་པའི་འཕྲིན་སྟེགས་གཞན་དང་མི་འདྲ་སའང་དེ་ཡིན། ཚེ་རབས་སུ་བསླངས་པའི་ལོ་རྒྱུས་ཀྱི་བདེན་པ་དང་དུས་རབས་ཤིག་གི་ངོ་གདོང་མཚོན་པའི་འཕྲིན་སྟེགས་འདི་བསྐལ་བརྒྱར་བརྟན་པར་ཤོག་ཅིག
ཞེས་གུས་པ་གཡག་གྲུ་གཟིངས་ཀྱིས།
ངག་རིག་དབྱངས་ཀྱི་སྡིངས་ཆ།
—བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ཤར་གཏོང་བྱས་ཏེ་མི་ལོ་གཉིས་འཁོར་བར་རྟེན་འབྲེལ་ཞུ།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
ཕ་སྐད་ཀྱི་སྨྲ་ལྕེ་རྒོད་པོའི་འབབ་སྟེགས་དང་བོ།
ངག་གི་གདངས་ལས་སྡེབས་སྦྱོར་ཅན་གྱི་ཡི་གེ་འགའ་དབྱངས་འགྲོས་སུ་བསྐྱོན།
སེམས་འདུན་གྱི་ཚོར་བ་དྭངས་མོ་མགྲིན་སྦུག་ནས་ལྷོད་ལྷོད་ངང་།
དལ་བུའི་དབྱངས་དང་མཐོ་དམའི་གདངས།
ཚིག་གི་དོན་སོགས་རོལ་མོའི་དབྱངས་སུ་གཅུད།
དེ་ནི་དྲན་ངོགས་ཀྱི་རི་མོ་རིས་སུ་ཕབ་པའི་ལོ་ཟླ་གསར་བ་ཞིག
ན་གཞོན་སྙིང་རུས་ཅན་ཞིག་གིས་ལྗིད་ཏིག་ཏིག་ཏུ་ཕྲག་ཞེང་ལ་ཁུར།
དེ་ནི་དུས་གསར་གྱི་སྟེགས་བུ་རུ་སྤར་བའི་ལང་ཚོའི་ཞབས་རྗེས་ཡིན་ལ།
རིགས་ཞེན་གྱི་མགྲིན་ངག་ལས་འཕོས་པའི་དབྱངས་རྟའི་ཕོ་ཉའང་ཡིན།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
ཆོལ་གསུམ་ངག་རིག་སྒྱུ་རྩལ་གྱི་སྡིངས་ཆ་གྲུ་བཞི།
དཀའ་བ་དང་སྡུག་ཡུས་ཀྱི་དུས་ཚོད་སྤོབས་པས་བགྲང་ཞིང་།
ཕ་སྐད་གཙང་མའི་དགེ་མཚན་གླུ་རུ་གྱེར་ཏེ་མི་ལོ་གཉིས་སོང་ཟིན།
ཀ་ཁ་ག་ངའི་གཤོག་ཟུང་གི་བསྐྱོད་ཡ་ཡངས་མོ།
ཨི་ཨུ་ཨེ་ཨོའི་ཚེ་སྲོག་གི་རྒྱབ་རི་བཀན་མོ།
ན་ནིང་ཁྱོད་ཀྱི་རླུང་རྟ་གངས་རིའི་རྩེ་ནས་གཡོས།
ད་ལོར་ཁྱོད་ཀྱི་ཕུགས་བསམ་རྒྱ་མཚོའི་འཇིངས་ལས་ཟབ།
ཁ་སང་ཁྱོད་ཀྱི་ས་བོན་ས་ནག་ཞིང་ལ་བཏབ་ཀྱང་།
ད་ལོར་ཁྱོད་ཀྱི་འབྲས་བཟང་གངས་རིའི་རྒྱན་དུ་སྨིན་ཡོད།
དུས་རབས་གསར་བའི་མཁའ་དབྱིངས་སུ་མཆེད་པའི་ངག་རིག་གི་སྐར་མདའ།
འོད་ཀྱི་ལེར་ཁྲ་ལམ་མེར་གཟིམ་པ་མེད་པར་རྟག་བརྟན་ཡུན་རིང་དུ་འཚེར་གྱུར་ཅིག
ཅེས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་གཙོ་སྐྱོང་བ་ཁྱུང་སྲས་ཀུན་བཟང་ལགས་ཀྱི་རེ་འདོད་དུ་ངག་རིག་སྨྲ་བ་ཁ་གྱའི་ཁྱུང་སྔོན་གྱིས་༢༠༡༩/༣/༨/ལ་རི་དྭགས་གཙོད་ཀྱི་རྟགས་མཚན་གྱིས་བརྒྱན་པའི་མཐོ་སྒང་གི་གྲོང་ཁྱེར་དེ་རུ་བྲིས།
མྱི་བརྒྱ་ཐུབ་པའི་ཁྲོམ་ཟིལ་གྱིས་རླུང་འཕྲིན་འཁྲབ་གཞུང་གི་ལྟད་མོ་གངས་རིར་ཕུལ་ཞིང་གངས་རིའི་སྙན་ངག་གི་རྣམ་ཤེས་སྲོག་ཏུ་སྦྲུམ་མཁན་ཏེ། རང་རེའི་བསིལ་མོ་ལྗོངས་ཀྱི་མདོ་འཛིན་པ་དང་རྩོམ་པ་པོ་གྲགས་ཅན་རུས་པ་ལགས་ཀྱིས་ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བགྲང་བྱ་གཉིས་ལ་སོན་པར་སྐྱེས་སུ་བསྟམས་པའི་ནོམ་པ་གང་དེ་འདི་ལྟ་ལགས་ཏེ།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བསྟབས་པ།
ཁ་རྩང་དེ་རིང་གི་བོད་ཀྱི་གཞས་གསར་སྣ་ཚོགས་དང་ཡང་སྒོས་རྩོམ་རིག་གསར་བའི་མི་དང་བརྩམས་ཆོས་ཀྱི་སྒྲོམ་གཞི་ཁ་ཆག་སྣ་རལ་དུ་འགྱུར་གྱིན་པའི་སྨུག་པ་ལྟ་བུའི་སྣང་ཚུལ་མོག་མོག་དེར། ཁོ་བོས་སྔར་མུས་བཞིན་སྐྱོ་གར་གྱི་རྣམ་འགྱུར་ཅིག་བཟུང་ཡོད། དེ་ལྟར་ཟད་ཀྱང་རྗེས་སུ་ཡི་རང་གི་དམིགས་པ་མ་དོར་བའི་ཡིད་སྨོན་གྱི་སྣང་ཚུལ་རེ་འགའ་ཡང་མཆིས་ཏེ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་མངའ་རིས་དེ་དག་ཁྲོད་ཀྱི་སྙན་ངག་ངག་གི་གྲོང་ཚོ་ཅིག་ཡིན། རེ་བ་ནི་གྱེར་འདོན་སྤྱི་སྟེགས་ཆེན་མོ་འདིས་ནི་རྣམ་ཀུན་གླུ་བརྒྱ་གདངས་གཅིག་གི་གྱེར་འདོན་ལ་བསལ་ལེན་དང་། རྗོད་བྱེད་ཚིག་གི་སྙན་ཆ་ལ་བོད་རང་གི་སྒྲ་སྙན་གྱི་དྲི་ངད་ལྡང་ཞིང་བརྗོད་བྱ་དོན་གྱི་འགྲེམ་སྟངས་ལ་མི་རིགས་ཀྱི་བདེ་སྡུག་མངོན་པར་གསལ་བའི་ལེགས་རྩོམ་དག་ལ་ཁམས་བཅུད་ལྡན་པའི་གཤིན་ས་ལེགས་པོ་ཞིག་བསྐྲུན་ཏེ། བོད་ཀྱི་སྙན་ངག་གསར་བའི་ཕོ་བྲང་གི་རྔམ་བརྗིད་འདེགས་པའི་གསེར་གྱི་གདུང་མ་ཞིག་ཏུ་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས། ཞལ་དྲོ།
ཞེས་སྙན་ངག་པ་རུས་པར་འབོད་པས་གནའ་མཁར་ཟི་ལིང་ནས་ཕུལ།
དེ་ཡང་གཞན་ཡིད་རྒྱ་མཚོའི་ཀློང་གི་ཐོས་བསམ་ནོར་བུ་ལེན་པའི་ཐབས་མཁས་ཏེ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་བྱམས་པ་རྡོ་རྗེ་ལགས་ཀྱིས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་བགྲང་བྱ་གཉིས་ལ་འཁོར་བའི་གཏམ་སྙན་གྱི་ཅོང་སྒྲ་ཐོས་འཕྲལ་དགའ་མགུའི་སེམས་ཀྱི་མཆོད་པ་ཕུལ་བའི་ལྷག་བསམ་སྤྲིན་གྱི་རང་མདངས་གཤམ་གསལ་ལྟར།
གསལ་དག་སྙན་གསུམ་ཁྱེད་ཀྱི་ཁྱད་ཆོས་ཡིན།།
བདེན་བྱམས་མཛེས་གསུམ་ཁྱེད་ཀྱི་ཡོན་ཏན་ཡིན།།
རྒན་དར་གཞོན་གསུམ་ཁྱེད་ཀྱི་རྒྱབ་དཔུང་ཡིན།།
མདོ་དབུས་ཁམས་གསུམ་ཁྱེད་ཀྱི་ཡོད་ཚད་ཡིན།།
འདིར་བོད་ཀྱི་གྱེར་འདོན་འཕྲིན་སྟེགས་ཆེན་མོ་ལེགས་གྲུབ་བྱུང་ནས་བགྲང་བྱ་གཉིས་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཕ་སྐད་སྙན་ངག་གྱེར་འདོན་ཡག་ཐོག་ཡག་རྩེགས་དང་། ཤ་ཐོག་མར་རྩེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
ཞེས་ཁམས་སྐད་མདོ་འཛིན་པ་བྱམས་པ་རྡོ་རྗེས་གྲོང་ཁྱེར་པད་མ་ཅན་ནས་གུས་ཕུལ།
དུར་ཁྲོད་སྙན་ངག་པའི་མཚན་ཉིད་ཅན། སྙན་ངག་པ་གྲགས་ཅན་གངས་བུ་འབྲུག་ལྗང་དུ་འབོད་པས་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་བགྲང་བྱ་གཉིས་ཀྱི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་འབྱུང་བའི་ལྷ་དར་དཀར་པོ་ཞིག་གི་དོད་དུ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་ཕུལ་བ།
སྒྲ་དང་དབྱངས་ཀྱི་ང་རོ།ཕ་སྐད་གཙང་མའི་་མཆོད་པ།ངག་རིག་ཤུལ་བཞག་ནོར་བུ།བླ་སྲོག་གི་སྒོ་མོ་འབྱེད་པའི་ལྡེ་མིག མི་རབས་རྗེས་མའི་རྣམ་ཤེས་འདྲེན་པའི་དབྱངས་རྟ། རི་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ལ་གསོན་ཤུགས་ཀྱི་སྟོབས་སྐྱེད་ནུས་པའི་སྨྲ་བའི་འབབ་སྟེགས། སྐལ་བཟང་ངག་གི་སྒྲོན་མེ།ནམ་ཡང་ཉམས་པ་མེད་པར་ཤོག བཀྲ་ཤིས་བདེ་ལེགས།
ཞེས་དུར་ཁྲོད་སྙན་ངག་པ་འབྲུག་ལྗང་དུ་འབོད་པས་ཟླ་ཚེས་བཟང་བོར་བྲིས།
བར་སྣང་རླུང་འཕྲིན་གྱི་ལས་དོན་ཁུར་དུ་བཞེས་ཏེ་ཁུ་བྱུག་མགྲིན་ངག་གི་གྲེ་འགྱུར་སྙན་མོས་རི་ཁ་བའི་ལྗོངས་ཀྱི་སྙན་དབང་བསུས་མྱོང་བའི་མདོ་འཛིན་པ་གྲགས་ཅན་བསོད་ནམས་ལྷ་མོས་ངེད་སྤྱི་སྟེགས་ལ་བྲིས་པའི་སྙན་འགྱུར་ངག་གི་མཆོད་པ་གཤམ་ལྟར།
གྱེར་གྱེར་སེམས་ཀྱི་གྱེར་དབྱངས་དགའ་སྐྱོ་ཆགས་སྡང་གསལ་བས་བྲང་ཁོག་ཟབ།།
འདོན་འདོན་ངག་གི་འདོན་རྟ་གསལ་དག་སྙན་གསུམ་འཛོམས་པའི་ངག་སྒོ་ཡངས།།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་ལོ་འཁོར་གཉིས་ཀྱི་སྐྱེས་སྐར་ལ་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག། འབྱུང་འགྱུར་གྱི་ལོ་ཟླའི་ནང་ཡར་ངོའི་ཟླ་ལྟར་འཕེལ་ཏེ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་འགྱུར་བར་སྨོན།
ཞེས་མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་བསོད་ནམས་ལྷ་མོས་བྲིས་པའོ།
ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ། ཕ་སྐད་གློག་བརྙན་འཁྲབ་སྟོན་པ་ཨ་རིག་མཐོང་གྲོལ་ལམ་སྒྲོལ་མ་སྐྱབས་ལགས་ཀྱིས་ཀྱང་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་གཉེར་ནས་ལོ་འཁོར་གཉིས་ལོན་པར་བཀྲ་ཤིས་པའི་སྨོན་ཚིག་ཏུ་འདི་ལྟ་སྟེ།
ལྷག་བསམ་འོ་མའི་རང་མདངས་གངས་ཅན་ཁ་བའི་ལྗོངས་ལ་གཏོར།།
ཕ་སྐད་གཙང་མའི་མགྲིན་ངག་རང་བྱུང་སེམས་ཀྱི་གསོས་སུ་སྨིན།།
བཅུ་ཕྲག་རིག་པའི་འབྲས་བུ་དཔྱོད་ལྡན་པ་ཡི་ངག་ལས་མཆེད།།
གྱེར་འདོན་སྤྱི་སྟེགས་འདི་ཉིད་དུས་སུ་བབས་པའི་ཆར་དང་མཚུངས།།
ཞེས་མདོ་འཛིན་པ་སྒྲོལ་མ་སྐྱབས་སམ་ཨ་རིག་མཐོང་གྲོལ་དུ་འབོད་པས་བྲིས།
---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།