ཆིག་ལབ། འཆི་མེད་ཀྱི་ལྷུག་རྩོམ་གསར་པ། 散文|独白
文摘
文学
2024-07-30 19:18
西藏
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བྱོན་པ་ལེགས།
སྟོན་ཀ་བསླེབ་པར་སེམས་ཁྲལ་ཇི་ལྟར་བྱས་ནའང་། སྟོན་ཀ་སྔར་བཞིན་བསླེབས་ཡོང་། སྟོན་ལོ་ཐོར་དུས་སེམས་པ་ཡང་ཐོར། སྒེའུ་ཁུང་ལས་མཐོང་བའི་ལྕང་སྡོང་དག་གི་ཚབ་ཏུ་ལས་བཟོ་བ་དེ་ཚོས་སྐྱེས་མ་ཐག་ནས་སེར་བོ་ཡིན་པའི་སྡོང་བོ་འགའ་བཙུགས་པ་ང་རང་སྟོན་ལོར་གོམས་ཆེད་གཏན་ནས་མིན་ནའང་། ངས་དཔྱིད་ཀ་ནས་དབྱར་གཞུང་བརྒལ་ཏེ་དུས་ཚིགས་ནས་དུས་ཚིགས་བར་སེམས་ཁྲལ་བྱས། ཡིན་ནའང་སྟོན་ཀ་སྔར་བཞིན་བསླེབས་ཡོང་། སྟོན་ཀ་བསླེབས་ཐེངས་རེར་ངས་སེམས་གཅོང་ཤས་མི་ཐེག་པ་དེ་ཁྱེར་ནས་རྒྱང་ནས་རྒྱང་དུ་འཁྱམ་འདོད། ཡིན་ནའང་རྒྱང་རིང་དུ་ཅི་ཞིག་ཡོད་དམ། རྒྱང་རིང་གི་རྒྱང་རིང་ཡང་རྒྱང་རིང་ཁོ་ནའོ།། སྲོད་ལ་སྟོན་རླུང་གྲང་མོས་ལོ་མ་སེར་བོའི་ཚོགས་ངེས་མེད་སྤུར་དུས་མཉན་པར་མི་བཟོད་ཅིང་། ཞོགས་པར་ཁ་ཆར་འདྲེས་མས་སྟོན་ལོ་མནན་པར་ཡང་བལྟར་མི་བཟོད།
དེ་ནི་ང་དང་སྟོན་ལོ་སེར་བོའི་ལས་སྐལ་གཅིག་པས་ཡིན།
མཚན་མོའི་ལམ་སྒྲོན་འོག་ཏུ་ངའི་རྡོག་སྒྲ་དང་ཤག་ཤག་འཕུར་བའི་ཉམ་ཐག་གི་སྟོན་ལོ་དེ་དག གློག་འོད་ཀྱིས་ལན་རེར་རྒྱང་དུ་ཁྲིད་ཅིང་ལན་རེར་ཉེ་སར་བསྐྱལ་ཡོང་བའི་ངའི་གྲིབ་གཟུགས་དང་ལྷན་དུ་གང་ལ་འགྲོ་འམ། ནམ་མཁའ་གཅིག་གི་འོག་ན་འཚོ་བས་ཁྱེད་ཕྱོགས་ཀྱི་མཁའ་མཐའ་མཐོང་ན་ཡང་ཁྱེད་རང་མཐོང་ཐབས་བྲལ། ལམ་སྐྱ་མོ་ཞིག་གི་མགོ་རྔ་ན་ཡོད་ཀྱང་ང་རང་ཁྱེད་སར་སླེབས་ཐབས་མེད། ངས་མི་ཚེ་གཅིག་གི་དུས་ཡུན་སྤྱད་ཀྱང་ཁྱེད་སར་སླེབས་ཐབས་མེད། ཡིན་ཡང་། ད་ལྟ་ངའི་སྐྲ་ལོ་གཏག་བཞིན་པའི་རླུང་བུ་འདི་ཁྱེད་ཕྱོགས་ནས་གཡུགས་ཡོང་བ་ངས་ཤེས་ཐུབ། དེ་ནི་འུ་གཉིས་ལམ་འདིའི་མགོ་རྔ་ན་ཡོད་པས་ཡིན། ངས་མགོ་བོ་དགྱེས་ཏེ་སྔོ་ཡུག་ཡུག་གི་ནམ་མཁའ་དང་ཕང་ཕུང་འཕྱོ་བའི་སྤྲིན་དཀར་ལ་ཡང་ཡང་བལྟས། ནམ་མཁའ་དེ་དང་སྤྲིན་ཕུང་དེའི་འོག་ན་ཁྱེད་རང་ཡོད་པས། ངས་ཡང་ཡང་བལྟས། སྟོང་ལྷང་ལྷང་གི་མཐོ་སྒང་གི་མཁར་གྲོང་འདི་ཁྱེད་རང་མེད་པས་སྔར་བས་སྟོང་ལྷང་ལྷང་། ཡར་འགྲོ་མར་འགྲོར་བྲེལ་བའི་རླངས་འཁོར་འགའ་ས་རྡུལ་འཚུབ་བེར་ངའི་མདུན་ནས་རྒྱུགས་དུས། ངས་རིག་རིག་མིག་གིས་རེ་རེའི་རྗེས་སུ་ལྟ་བ་ནི་སུ་ཞིག་མཐོང་འདོད་ཀྱིས་ཡིན་ནམ་ཅི་བྱ་གཏོལ་བྲལ་གྱིས་ཡིན།
ས་མཐའི་མཁར་གྲོང་འདི་རུ་ང་ནི་ཐང་སྟོང་དུ་ལུས་པའི་བྱིས་པ་ཞིག
བྱང་ནས་ལྷོ་རུ་འཐེན་པའི་སྲང་ལམ་དེའི་འགྲམ་གྱི་བྱང་བུ་ངོས་གཉིས་མ་ཞིག་ལས་ཁྱེད་ཀྱིས་ང་ལ་བཤད་མྱོང་བའི་ས་མིང་གཉིས་མཐོང་། ང་རང་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་རང་དབང་མེད་པར་བྱང་བུར་ཡང་ཡང་རེག་ཅིང་ཡང་ཡང་པར་དུ་བཏབ། ཁྱེད་རང་ལམ་འདི་ཡང་ཡང་བརྒྱུད་མྱོང་བས་ངས་ས་མིང་དེ་ལ་ཡང་ཡང་རེག ཡིན་ནའང་པར་འདི་དག་ད་ལྟ་སུ་ལ་བསྐུར་དགོས་སམ། གོམས་པའི་ཤུགས་ཀྱིས་ཅི་ཞིག་འཆད་རྩིས་ཡང་ཡང་བྱེད་དུས། མདུན་ན་གཅིག་ལས་མེད་པའི་ཇ་ཕོར་དེས་ཁྱེད་རང་རྒྱང་ནས་རྒྱང་དུ་བུད་སོང་ཟེར། རྟག་པར་ཟས་ཅོག་ཁ་གཏད་དུ་སྡོད་མཁན་དེ། དེ་རིང་གང་དུ་མཆིས། རྒྱུས་ཡོད་ཀྱི་སྒོ་དང་སྒེའུ་ཁུང་རེ་རེ་ནས་རྒྱུས་མེད་ཀྱི་ངོ་གདོང་དག་མངོན་ཡོང་དུས་གདོང་ཕྲུམ་གཟེར།
མཁར་གྲོང་འདིའི་ནམ་མཁའ་དང་སྟོང་འཇགས་ལ་མཐའ་མེད་ཅིང་། རྒྱང་རིང་ན་ཟིམ་ཟིམ་འཚེར་བའི་གློག་འོད་རེ་རེ་ཡང་མུན་པར་འཁྱམས་པའི་ཁེར་རྐྱང་གི་མིག་ཟུང་རེ་རེར་མཐོང་། ཞོགས་པའི་ཆར་ཟིམ་དང་མཉམ་དུ་ང་རང་ཕ་ཡུལ་ལ་ཆས་ནའང་། ཤི་གསོན་བར་གྱི་ཉམ་ཆུང་གང་ཞིག་ས་འདི་ནས་སྦ་དགོས་པས། ངས་རང་ཉིད་ཕ་ཡུལ་ལ་འཁྲིད་ཐབས་མི་འདུག དངོས་གནས། ངས་རང་ཉིད་ཕ་ཡུལ་ལ་འཁྲིད་ཐབས་མི་འདུག་ཨང་། ཉིན་མཚན་མཐུད་པའི་སེམས་ཁྲལ་ངས་ཡང་བསྐྱར་འབོག་སྒྲིལ་དུ་བཅུག
ལམ་འགྲམ་ན་ངའི་ལྡོག་ཕྱོགས་སུ་རྒྱུག་གིན་པའི་གློག་སྡོང་དེ་དག་གིས་ཁྱེད་རང་བསྐལ་བའི་ཕར་ངོགས་སུ་ཡོད་པའི་སྐྱོ་གདུང་ཤབ་ཤུབ་སྨྲ།
མིག་གི་ཟིལ་བ་མཁུར་མགོ་ནས་དཀག་དུས་ཡང་བསྐྱར་ནམ་མཁའ་དེ་དང་སྤྲིན་དཀར་དེ་མཐོང་ཐུབ་བམ། སྐབས་དེར་ཁྱེད་རང་སྔར་བཞིན་ལམ་དེའི་སྣེ་གཅིག་ན་ཡོད་སྲིད་དམ།ལུག་རྫི་བྱང་ཆུབ་སེམས་དཔའ།།ལུ་གུ་མ་མོར་སྤྲོད་རོགས།། གཞས་འདིས་ཀྱང་རྨ་ཁར་ཡང་ཡང་རེག གཙང་བོ་དེ་ཡང་ངའི་མཐོང་ལམ་ནས་བསམ་བཞིན་དལ་གྱིས་བཞུར།
བཞུད་ལམ་ཧྲིལ་བོ་སྟོན་གྱི་སེམས་གཅོང་གིས་རྒྱང་ལ་འཐེན་ཞིང་ཉམ་ཐག་པའི་ཕྱི་མིག་ཀྱང་ནུབ་ཀའི་ཉི་ཟེར་གྱིས་ཟོས།
སྟོན་ཀ་བསླེབ་ཨེ་ཡོང་ལ་སེམས་ཁྲལ་ཅི་ལྟར་བྱས་ན་ཡང་སྟོན་ཀ་སྔར་བཞིན་བསླེབས་ཡོང་།
ཡིན་ནའང་། བསེར་བུའི་རྒྱུ་ལམ་དེ་ཁོ་ན་ང་ལ་བསྐྱུར་རོགས་ཞུ། ཅིས་ཀྱང་བསྐྱུར་རོགས་ཞུ།
ད་རུང་སྐབས་དང་སྐབས་སུ། མགོ་བོ་དགྱེ་དགྱེ་གྱིས་ལ་ཡར་ཡར་བལྟ་རྒྱུ་མ་བརྗེད་དང་། ནམ་ཞིག་ལྷོ་བགྲོད་བྱང་བགྲོད་བར་ནས་ཆུ་སྤྲིན་དུམ་ཞིག་ཁྱེད་སར་ཡང་ཡང་རྒྱུ་ངེས། དེ་ནི་ང་རང་ཡིན། དེ་ནི་ང་རང་ཡིན།
༢༠༢༤ལོའི་མི་རིགས་ཀྱི་རྩོམ་རིག་དེབ་བཞི་བ་ལས་བླངས།---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།