བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
ཁ་རོག་གེར་ཁྱོད་ལ་བྲིས་པའི་སྙན་ངག
བརྩེ་བར་འཇུས་པའི་སེམས་ཀྱི་ཚིག་གྲུབ་ཁ་ཤས།
ཤ་རུས་ཀྱི་གསེང་ནས་འཐོར་ཞིང་བཞུར་ནས་སོང་བ།
བདག་གི་དྲན་པར་བརྒྱུས་པའི་སྨྲ་བརྗོད་ཀྱི་བདེན་པ་ཡིན་ཨང་།
ས་སྲོད་ཀྱི་གྲིབ་གཟུགས་ཁུར་ནས་རྒྱང་ལ་ཆས་པ་ཁྱོད་ཡིན་ནམ།
རྨི་ལམ་གྱི་གནས་ལམ་བསྐྱུར་ནས་རླུང་དང་འགྲོགས་པ་ཁྱོད་ཡིན་ནམ།
ཡང་ན། སྐད་ཆ་དག་གི་རྒྱབ་ལྗོངས་སུ་རྨ་ཁ་འདེབས་མཁན་དེ་ཡང་།
སྒྱུ་འཕྲུལ་གྱི་བདག་མོར་བསྐོས་པའི་ཁྱོད་རང་ཡིན་ནམ།
བདག་གིས་སྔ་མོ་ནས་ཤེས་ཡོད།
འོད་ཟེར་གྱི་ཕྱི་ནང་ལ་མིག་ཆུ་གླན་པའི་མཚན་མོ་དེའི་ངོ་གདོང་།
རྒྱབ་འགལ་ཁྲི་ཕྲག་གི་དབྱངས་རྟ་བསྐྱོར་ནས་འགྱེལ་ལ་ཉེ་བའི་དུས་ཚིགས་ཀྱི་པགས་ཤུན་རལ་བོ།
ནག་ཐོམ་ཐོམ་གྱི་ཤོག་བུ་དག་ལག་པས་བཟུང་ན།
ངས་ཁྱོད་ཀྱི་འཆི་བ་དང་སུན་སྣང་གི་རོལ་དབྱངས་དྲན་སྲིད།
དེ་ནི་སུ་ཡི་དཔུང་བར་སྦྲེལ་བའི་ལྐོག་གྱུར་གྱི་མཆོད་པ་ག་ལ་ཡིན།
ངས་བཤད་ན།
ཁྱོད་ནི་སུ་ཡི་བྲང་ཁར་སྦྱར་བའི་གསེར་གྱི་ཚིག་མཛོད་དེ་ཡིན།
སྐད་ངག་རེ་རེས་མི་རྣམས་ཀྱི་དགོད་སྒྲ་ཡང་བཏུས་སོང་ངམ།
བར་སྐབས་དེའི་རྩྭ་ལྗང་གི་གསོན་ཤུགས་ལ་ལྐོག་ཉན་བརྒྱབ་ན།
རང་གི་མཆུ་ཏོ་གཞན་ལ་བསྟན་ནས་ངུ་མཁན་དེ་སུ་ཞིག་ཡིན་ཨང་།
བདག་གི་ཚོར་བས།
ཁྱོད་ཀྱི་སྐྲ་ལོ་དང་། མིག་ཟུང་། སྐོམ་གདུང་།
རེ་རེ་བཞིན་ཧ་ཅང་ཞེན་ཆགས་ཀྱིས་འབོད་ཀྱིན་འདུག
ཧམ་སེམས་དང་ཞེ་སྡང་གིས་འབོད་ཀྱིན་འདུག
ཁྱོད་རང་བརྙན་རིས་ཤིག་ལ་རྟོག་བཟོ་བྱེད་ཚུལ་ནི།
ཇི་འདྲའི་ཡིད་གདུང་བའི་སྣང་བ་འཁྱག་པོ་ཞིག་རེད།
འཕྲིན་པ་དག་ཁུ་སིམ་མེར་བསྐུར་མྱོང་བ།
རྒྱང་རིང་གི་ཁྱོད་ཀྱིས་བརྗེད་ཀྱིན་ཡོད་དམ།
སྐབས་འདིར།
ཉིན་མཚན་གྱི་སྒལ་གཞུང་སྟེང་ནས་ཙོག་པུར་བསྡད་དེ།
ངས་དམར་དྲི་འཐུལ་བའི་སྙན་ངག་གི་འབྱོར་བ་གླེང་གིན་ཡོད།
འབྱོར་བ་དེ།
མ་གཞི་ནས་ཁྱོད་རང་ཡིན་ནམ།
---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།