བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
སྟོན་ཀ འཛིན་ཐབས་མ་བྱུང་།
སྙན་ངག་ཅིག་ལ་སྟོན་ཀ་འདོགས་དགོས་བསམ་བྱུང
དཔེ་དེབ་ཅིག་ལས་སྟོན་ཀ་བཞེངས་དགོས་བསམ་བྱུང
སྙན་ངག་ཅིག་དང་དཔེ་དེབ་ཅིག་བརྩམས་ཏེ
སྔོ་ཡུག་ཡུག་དེ་བསྐང་དགོས་བསམ་བྱུང
——བྱ་གཞུང་དབྱངས་བྷ།
ཡལ་གའི་སོར་མོ་ཀྲབ་ཀྲབ་བྱས
ཉི་མའི་གསེར་ཞགས་འཁྱུག་འཁྱུག་བྱས
སྟོན་ཀ འཛིན་ཐབས་མ་བྱུང
སྟོན་ཀ རླུང་བུ་དང་ལག་རྡང་སྦྲེལ་ནས་ཕྱིན་སོང
མྱངས་ཟིན་པ་དག
ལུས་ཐོག་སེམས་ཐོག་ནས་མྱངས་ཟིན་པ་དག
བྱིའུ་དེ་ཚོས འབབ་ས་རྙེད་ཨེ་ཡོང
རླུང་བུ་ལྡང་ཤུལ་ནས ནམ་མཁའ་སྔོ་ཡུག་ཡུག་ལུས
ཁྲུང་ཁྲུང་གཤོག་རྡང་སྒྲིག་སའི་ནམ་མཁའ
ད་ནི་སྔོ་ཡུག་ཡུག སྔོ་ཡུག་ཡུག
དཀར་ཕྱེད་སྔོ་ཕྱེད་ཀྱི་ལོ་ཟླ
གཡོ་ཙམ་གཡོ་ཙམ་བྱེད
སེར་པོར་གྱུར་པའི་ཡིད་རྟོན་ཀྱང
གཡོ་ཙམ་གཡོ་ཙམ་བྱེད
འདབ་ལོ་གྲོལ་མྱོང་བའི་བཀྲག་མདངས་དེ
ཟེའུ་འབྲུ་ལ་བབས་པའི་མུ་ཏིག་དེ
རླུང་བུ་ལྡང་ཤུལ་ན ད་དུང་ཡོད་ཡོད་འདྲ་བྱུང
སྟོན་ཀ འཛིན་ཐབས་མ་བྱུང
ཚུར་ཙམ་ཚུར་ཙམ་བཅར་ཚེ
རང་ཉིད་ལ་འཕྲད་ཀྱང་སྲིད
སྙན་ངག་ཅིག་ལ་སྟོན་ཀ་འདོགས་དགོས་བསམ་བྱུང
དཔེ་དེབ་ཅིག་ལས་སྟོན་ཀ་བཞེངས་དགོས་བསམ་བྱུང
སྙན་ངག་ཅིག་དང་དཔེ་དེབ་ཅིག་བརྩམས་ཏེ
སྔོ་ཡུག་ཡུག་དེ་བསྐང་དགོས་བསམ་བྱུང
ལོ་ཟླ་བཞུར་ཤུལ་གྱི་གྲམ་སྟོང་དུ
མེས་པོ་ཚོ་སྔར་བཞིན་ཆིལ་ཆིལ་རྒྱུག
གསེར་གྱི་ཕྱེ་མ་ཉིལ་ཉིལ་རྒྱུག
ཉི་ཟླ་འཁོར་ཤུལ སྐར་ཚོགས་བཀྲ་ཤུལ་གྱི
སྔོ་ཡུག་ཡུག་དེ་རྒྱ་ཆེ་བ་ལ་ཨང
ཕྱིར་ལོག་པའི་ལམ་ཁར
སྔོ་ཡུག་ཡུག་དེ་བརྒྱུད་ནས་ཡོང
སྟོང་སང་སང་དེ་མྱངས་ནས་ཡོང
ཚུར་ཙམ་ཚུར་ཙམ་བཅར་ཚེ
རང་ཉིད་ལ་འཕྲད་ཀྱང་སྲིད
སྟོན་ཀ འཛིན་ཐབས་མ་བྱུང
ཡལ་གའི་སོར་མོ་ཀྲབ་ཀྲབ་བྱས
ཉི་མའི་གསེར་ཞགས་འཁྱུག་འཁྱུག་བྱས
༢༠༢༡.༡༠.༢༨ཉིན་ལྷ་སར།