ཞིང་ཆེན་སྲིད་གཞུང་དང་ཀྲུང་ཁྲེ་སྡེ་ཚོགས་བར་མཉམ་ལས་གྲོས་མཐུན་བཀོད།

文摘   2024-11-13 10:33   青海  

ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་བར་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཟླ11པའི་ཚེས12ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་སུན་ཡུང་ཚའེ་དང་བཅས་པར་བཞུགས་མོལ་བྱས་པ་མ་ཟད། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པར་བདེན་དཔང་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སུན་ཡུང་ཚའེ་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས།     ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་།   མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ཡོད།     “ཆུ་བོ་མོད་པ་དང་།    ཉི་འོད་ཀྱིས་ཕྱུག་པ། རླུང་བཟང་བ།    ས་རྒྱ་ཆེ་བ”བཅས་ཀྱི་རང་བྱུང་ལེགས་ཆར་བརྟེན་ནས། ཐོན་ཁུངས་དང་དྲ་བ་ནུས་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།  ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་ནི་རང་རྒྱལ་གྱི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཡིན་པས། ཕྱོགས་གཉིས་ཀྱིས་འབྲེལ་གཏུག་དམ་ཟབ་བྱེད་པ་དང་བརྗེ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། ད་ཡོད་ཀྱི་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྒྲོམ་གཞིའི་གྲོས་མཐུན་གྱི་ནང་དོན་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།   མཚོ་སྔོན་གྱིས་ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱས་ནས། ཁེ་ལས་ཀྱི་གཉེར་སྐྱོང་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ཁོར་ཡུག་བསྐྲུན་ཏེ། “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད་མཉམ་དུ་སྟོབས་ཤུགས་འབུལ་རྒྱུ་ཡིན།

སུན་ཡུང་ཚའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ཀྲུང་ཁྲེ་སྡེ་ཚོགས་ཀྱི་ཚོང་གཉེར་དང་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་བྱས།    ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། ནུས་ཁུངས་ཚུལ་སྒྱུར་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་འཚོལ་ཞིབ་བྱས་ཡོད་པ་མ་ཟད།    ཀྲུང་གོའི་ཀྲུང་ཁྲེ་སྡེ་ཚོགས་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིར་གྲོས་མཐུད་བཀོད་པའི་མཉམ་ལས་དེ་གོ་སྐབས་སུ་བརྩིས་ནས། ནུས་ཁུངས་གཙང་མའི་ཐོན་ལས་ཚོགས་པ་འཕེལ་རྒྱས་སུ་གཏོང་བ་དང་།    དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ།    སྔོན་ཐོན་ལག་རྩལ་གྱི་ཚད་གཞི་བཟོ་བ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ། རྒྱུན་ཆད་མེད་པར་ལག་རྩལ་གྱི་ཁྱད་སྟོབས་དང་ནུས་ཁུངས་ཀྱི་ཁྱད་སྟོབས།    ཐོན་ལས་ཀྱི་ཁྱད་སྟོབས་བཅས་འགྲན་རྩོད་ཀྱི་ཁྱད་སྟོབས་དང་ཁྲོམ་རའི་ཁྱད་སྟོབས་སུ་བསྒྱུར་ནས། ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་མཉམ་དུ་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བྱེད་སྒོར་ཞུགས།


རྩོམ་སྒྲིག་པ། ལྷ་མོ་འཚོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章