མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཟི་ལིང་དུ་བསྡུས།

文摘   2024-11-09 11:32   青海  

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཟི་ལིང་དུ་བསྡུས།

ཟླ11པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞིང་ཆེན་དམག་ཁུལ་གྱི་འདས་པའི་ལོ་ལྔའི་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་། མ་འོངས་པའི་ལོ་ལྔའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་སྤྱི་ལིས་ཧྲིན་ལིས་ཀྱིས་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་ལས་ཞིང་ཆེན་དམག་ཁུལ་གྱི་སྐབས་བཅུ་གསུམ་པའི་ཏང་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། སྐབས་གསར་པའི་ཏང་ཨུའི་ཨུ་ཡོན་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བདམས་ཐོན་བྱུང་། ཁྲིན་ཀང་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོར་བདམས་པ་དང་། དབྱང་ལུང་ཞི་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིར་བདམས་ལ། ལིས་ཧྲིན་ལིས་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམསས། དབྱང་ཁི་ཞང་ཞིང་ཆེན་དམག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཏང་གི་འཐུས་མི་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ཁོས་བསྟན་དོན། འདས་པའི་ལོ་ལྔའི་རིང་། ཞིང་ཆེན་དམག་ཁུལ་ཏང་ཨུས་བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཇུས་ཆོད་དང་མཛུབ་སྟོན་ལག་ལེན་མཐིལ་ཕྱིན་བྱས་པ་དང་། ནུབ་རྒྱུད་འཐབ་ཁུལ་གྱི་ཏང་ཨུ་དང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རེ་བ་དང་དམ་པོར་སྦྲེལ་ནས། རྒྱ་ཆེའི་དཔོན་དམག་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ཁག་ཁུར་འབད་བརྩོན་བྱས་ཏེ། དམག་དཔུང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་ཆེན་པོ་བསྣན་པ་དང་། རོགས་སྐྱོབ་དང་འཐབ་འཛིང་གི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ལ། སྟོབས་ལྡན་དམག་དཔུང་བཅོས་སྒྱུར་གྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་དུ་གསར་སྐྲུན་གྱི་གྲུབ་འབྲས་མངོན་གསལ་བླངས་པ་དང་། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་གྱི་སྣང་ཚུལ་ལེགས་པོ་བསྐྲུན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཤིང་། དམག་དར་དམག་སྟོབས་ཀྱི་ལག་ལེན་ཐད་དུ་གྲུབ་འབྲས་ཚད་ལྡན་བླངས་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཏང་གི་ལམ་ལུགས་ཀྱི་ཇུས་འགོད་ཅིག་ཡིན་ལ། ཆབ་སྲིད་ཀྱི་ཇུས་འགོད་ཅིག་དེ་ལས་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐིལ་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཞིང་ཆེན་དམག་ཁུལ་འཛུགས་སྐྲུན་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ཏེ།  དར་ཆ་གསལ་བསྒྲེངས་ཀྱིས་ཆབ་སྲིད་གླེང་རྒྱུ་དེ་ཨང་དང་པོར་བཞག་སྟེ། ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དར་ཆར་བྱེད་པ་དང་ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདུན་མ་འདུན་མར་བྱས་ཏེ། ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ཉར་ཞིང་། དཔེ་ལྟོས་རྗེས་འབྲངས་དང་ཏང་གི་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པར་བྱས་ནས། མ་འོངས་པའི་ལོ་ལྔའི་རིང་གི་ཞིང་ཆེན་དམག་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམ་འཛིན་དང་དམིགས་འབེན་དངོས་འབེབ། བྱེད་ཐབས་ཞིབ་གཉེར་བཅས་བྱ་དགོས། ཚད་མཐོ་བའི་ཆབ་སྲིད་ཀྱི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ལ་བརྟེན་ནས་དམངས་གཙོའི་ཁེ་དབང་ཡང་དག་པར་སྤྱོད་དེ། ཚད་གཞི་མཐོ་ཞིང་བླང་བྱ་ནན་མོས་སྐབས་བརྗེ་འདེམས་བསྐོའི་བྱ་བ་ལེགས་པོར་སྒྲུབ་དགོས། སྐབས་གསར་བའི་ཏང་ཨུས་ཞིང་ཆེན་དམག་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་ལངས་གནས་སུ་འགྲེང་ནས། གྲོས་ཚོགས་ལས་བཏོན་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཏེ།  མུ་མཐུད་དུ་མཐུན་སྒྲིལ་གཅིག་གྱུར་གྱིས་མདུན་བསྐྱོད་བྱས་ནས། དམག་དར་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། དེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དམ་པོར་སྦྲེལ་ནས། དུས་རབས་གསར་པའི་རྒྱལ་སྲུང་སྐུལ་སློང་བཅོས་སྒྱུར་གྱི་གོམ་སྟབས་དང་བསྟུན་ནས། འཐབ་འཛིང་གཙོ་བོར་ཞབས་འདེགས་ཞུ་བ་དང་རྒྱལ་ཁ་ལེན་པར་འགན་སྲུང་བྱེད་པའི་སྲོག་ཤིང་ནུས་པ་མཐོར་འདེགས་བྱས་ཏེ། སྒྲིག་ཁྲིམས་དམ་པོར་བརྟེན་ནས་ཏང་དོ་དམ་དང་བཅོས་སྐྱོང་བྱེད་པ་དང་། ཁྱོན་ཡོངས་ནས་དམག་དཔུང་ནན་མོར་བསྐྱངས་ཏེ། དམག་དཔུང་གིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། གཏན་དུ་རྒྱལ་ཁ་ལེན་པ། རྟག་ཏུ་སྤྱོད་པ་གཙང་བ་བཅས་ལ་ཁག་ཐེག་བྱ་དགོས། 

ལིས་ཧྲིན་ལིས་ཀྱིས་སྐབས་བཅུ་གསུམ་པའི་ཏང་ཨུའི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔ་ནི་ཞིང་ཆེན་དམག་ཁུལ་འཛུགས་སྐྲུན་ཐད་བབ་བསྟུན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་སྐུལ་སློང་ཚུལ་སྒྱུར་རིམ་སྤོར་དང་ཟབ་སྤེལ་རྒྱ་སྐྱེད་ཀྱི་ཚད་ཇེ་མྱུར་དུ་གཏོང་བའི་དུས་སྐབས་ཡིན་པར་མ་ཟད། འཐབ་རྩོད་ནུས་པ་དང་སྐུལ་སློང་ནུས་པ་མཉམ་འདྲེས་ཀྱིས་ཇེ་ཆེར་ཡོང་བར་བྱེད་པ་དང་སྤུས་འདེགས་རིམ་སྤོར་གྱི་མཁྲེགས་གཏོར་དུས་སྐབས་ཀྱང་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ལོ་རྒྱུས་ཀྱི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ནས། ངར་ཤུགས་ཆེ་རུ་བསྐྱེད་པ་དང་འབད་པ་གཅིག་ཏུ་བསྡུས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་འཛོམས་བརྡ་གཏོང་དགོས་ལ། འཕྲད་པའི་དཀའ་ངལ་དང་འགལ་བར་ངོས་འཛིན་གསལ་བོ་བྱས་ནས། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་གསར་འབྱེད་མཆོང་བརྒལ་བྱེད་ཕོད་པའི་སྒོ་ནས་འཛུགས་སྐྲུན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཡང་གཏོད་དགོས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་སྐུལ་འདེད་ཟབ་མོ་བཏང་སྟེ། དཔེ་ལྟ་རྗེས་འབྲངས་ཀྱིས་ཏང་གི་བཀའ་ལ་ཉན་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རོགས་སྐྱོར་འཐབ་འཛིང་ལ་གྲ་སྒྲིག་ནན་མོ་བྱས་ཏེ། ལས་འགན་འཕྲལ་དུ་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། གསར་དར་རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་འཛུགས་པ། ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཐབས་མ་ལག་ལྡན་པར་དངོས་འབེབ་བྱས་ཏེ། ཁྲིམས་ལྟར་དམག་སྐྱོང་དང་གཞི་རིམ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྗེས་ཞབས་མཁོ་སྒྲུབ་ཞབས་ཞུ་ཞིབ་ཚགས་སྒོས་ལེགས་པོར་སྒྲུབ་ནས། ཕྱོགས་བསྡུས་འགན་སྲུང་བྱ་བ་ལེགས་བསྡུ་ནུས་འགྲེལ་ཡོང་བར་བྱེད་པ། གཉིས་བཀུར་མཉམ་སྐྲུན་བསྟུད་མར་ཟབ་སྤེལ་བྱས་ཏེ། རྒྱལ་དར་དམག་སྟོབས་ཀྱི་ནུས་ཤུགས་ཆེན་པོ་སྔར་ལས་བཟང་པོར་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཞིང་ཆེན་དམག་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།

ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམ་རྒྱལ་དང་། དབྱང་ཁུ་ཞང་སོགས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章