(མཚོ་སྔོན་དགེ་ཐོན་སློབ་ཆེན) བཀྲ་ཤིས་མཚོ།
སྡོང་ལོ་ཁ་བ་བཞིན་འབབ་ཀྱིན་པའི་དུས་དེ་ནི་ཏག་ཏག་དགུན་ཟླ་མ་སླེབས་པའི་སྔ་རོལ་ཙམ་རེད། སྡོང་ལོ་དལ་གྱིས་ཐང་ལ་ལྷུང་བ་ཙམ་གྱིས་ཚེ་སྲོག་གི་བཞུར་རྒྱུན་ཞིག་ག་ལེར་ཆད་པ་འདྲ་ལ། ཡང་རྒྱང་རིང་གི་འགྲུལ་བཞུད་ཅིག་ལ་དབུ་ཁྱུད་བྲིས་པ་དང་འདྲ། གང་ལྟར་སྟོན་ཟླ་ནི་གྱེས་བྲལ་གྱི་དུས་ཤིག་ཡིན་པ་ལོ་མ་གཅིག་ཐང་ལ་ལྷུང་བའི་ལྗིད་ཚད་ཀྱིས་མཚོན་པར་ནུས།
འཚོལ་སྙེག་གི་ཕྱིར་དུ་ཕུགས་བསམ་ལ་ནམ་ཡང་གསེར་འོད་འཕྲོ་སྲིད་ནའང་། ཨ་ཁུའི་ཕྱུག་འགྱུར་གྱི་ལམ་བུ་ནི་ནམ་ཡང་ཀྱག་ཀྱོག་གིས་ཁེངས་འདུག་ལ། ཚེ་སྲོག་གི་རྫོགས་ཚིག་ཀྱང་འགྲུལ་བཞུད་ཀྱི་ལམ་བར་ནས་ཕྱུག་འགྱུར་གྱི་ཆེད་དུ་བཀོད། ཨ་ཁུས་འཚབ་འཚུབ་ཀྱི་གཤིས་ཀ་དེས་མཚན་གྱི་སྨག་རུམ་དང་ཚེ་སྲོག་གི་ཉམ་ཆུང་ལ་ཅོ་འདྲི་བསམས་ཡོད་མོད། བཞི་མདོའི་གློག་དམར་གྱི་རིན་ཐང་ལ་སྣང་ཆུང་བྱས་དྲགས་པས། རླངས་འཁོར་གཉིས་ཕར་སྐྱོད་ཚུར་འོང་གི་གཙུབ་བརྡར་ལས་ཨ་ཁུའི་ཉམ་ཆུང་གི་ཚེ་སྲོག་ལ་རང་དབང་ཅི་ཡང་མེད་པར་རླུང་གིས་ཁུར་བའི་སྡོང་ལོ་བཞིན་ཐང་ལ་ལྷུང་།
ཟླ་བཅུ་པའི་མཐོ་སྒང་གི་གྲང་ངར་དེ་བདུད་རྩི་ནས་ཆང་གིས་གཞོམ་དགོས་པའི་དུས་དེར། ཨ་ཁུ་རྒྱང་རིང་ཞིག་ལ་ལས་ཀར་ཕྱིན་ནས་ཕྱིར་རང་ཡུལ་ལ་ལོག་པའི་འགྲུལ་བཞུད་ལ་སྟ་གོན་བྱེད་བཞིན་ཡོད། ཨ་ཁུས་ལས་ཀ་ཐམས་ཅད་ཚགས་སུ་ཆུད་པར་བཟོས་ནས་དགོང་ཇ་ལ་རོལ་མ་ཐག་གློ་བུར་ཙག་རླུང་གིས་ཁོ་ལ་ཆང་འཐུང་འདོད་ཀྱི་འདུན་པ་དྲག་པོ་ཞིག་བྱིན། ལུས་སེམས་ཀྱི་ངལ་བ་དུ་ཆང་ལ་བཅོལ་བའི་མཚན་མོ་དེ་ནི་ཟླ་བ་མར་ངོའི་དུས་ཤིག་ཡིན་ལ། ཆང་ཕོར་བ་གང་འཐུང་ཚར་ལ་ཉེ་དུས་ཕྱི་རོལ་དུ་ཁ་བ་འབབ་ཀྱིན་འདུག ཨ་ཁུས་ཕྱི་ཉིན་གྱི་འགྲུལ་བཞུད་ལ་གནོད་ཨེ་འགྲོར་དོགས་ནས་ལམ་སང་དངོས་པོ་དག་སྣོད་དུ་བཅུག་ནས་ཕ་ཡུལ་ལ་ལོག་པའི་ལམ་ལ་ཆས། ཆང་ཕོར་བ་གང་བོ་དེས་ཨ་ཁུའི་མདུན་སྐྱོད་ཀྱི་གོམ་སྟབས་བསྒྱུར་མ་ཐུབ་པར་ཨ་ཁུའི་མིག་ཟུང་རབ་རིབ་ཏུ་བཏང་ནས་དཀྱོག་འཁོར་གྱི་ཁ་ཕྱོགས་བསྒྱུར་བ་དང་འདྲ་ལ། ཇ་ཡུན་ཙམ་མ་འགོར་བར་ས་དེའི་གྲོང་མཁར་ཞིག་གི་ལམ་གྱི་བཞི་མདོ་ནས་ར་བཟི་བའི་ཕུང་བོ་དེའི་ཟུངས་ཁྲག་ལོ་དེའི་ཁ་བ་དང་ལྷན་དུ་ས་གཞིར་འཐིམས། ཨ་མས་གཏམ་དེ་ཐོས་རྗེས་མོའི་མགོ་རིས་སྔོན་པོ་དེ་མིག་ཆུས་རློན་པར་བཏང་སོང་ལ། རྩེད་ཆས་ཀྱི་རྨི་ལམ་བོར་བའི་ངས་ཀྱང“ཨ་ཁུ”ཞེས་ངུ་འབོད་འགའ་བྱས་པ་ད་དུང་ཡང་ཡིད་ལ་དྲན།
ང་ཚོས་ནམ་ཡང་ཕུགས་བསམ་གྱི་ཆེད་དུ་ཨུ་ཚུགས་བྱས་པས། རྒྱང་རིང་ལས་ཕུགས་བསམ་བོར་འགྲོ་བའི་དུས་ཤིག་ལ་སླེབས་འགྲོ། ཨ་ཁུ་ཡང་དེ་འདྲའི་འགྲུལ་བཞུད་པ་ཞིག་ཡིན། ཁོས་རང་ཉིད་ཀྱི་བདེ་བ་དཀོན་མཆོག་ལ་སྐྱབས་སུ་བཅོལ་ཡོད་ནའང་། མདུན་སྐྱོད་ཀྱི་གོམ་ཁ་རྒྱང་ལ་གཏད་པ་ནས་ཁོས་དབྱར་གྱི་མཛེས་པ་ལ་སྨོན་པ་བྱེད་མ་ཕོད། སེར་ལམ་ལམ་གྱི་སྟོན་མཇུག་དེར་ཨ་ཁུ་བྱ་ཁྲུང་ཁྲུང་བཞིན་ལྷོ་རུ་འཕུར་བ་ནས་བགྲང་བྱ་བཅུ་ཕྲག་འགའི་རིང་ལ་ངེད་ཚང་ན་ཁོ་གླེང་མཁན་ཤིན་ཏུ་ཉུང་། སྐབས་འདིར། ངས་ཀྱང་ཐེངས་དང་པོར་སྦ་གསང་ཅི་ཡང་མེད་པར་ངའི་ཚོར་ཤེས་ཁྲོད་ཀྱི་ཨ་ཁུ་ཁོ་ངོ་སྤྲད་པ་དང་འདྲ། ཨ་ཁུ་སོང་ཤུལ་དུ། ཨ་ཕས་ཚེ་འདིར་ཆང་ཁ་རུ་མི་རེག་པའི་དམ་བཅས་ཤིང་། ཡུན་རིང་ཞིག་ལ་རླངས་འཁོར་ཡང་བསྐོར་མ་བྱུང་། མི་ནི་མ་གཞི་ནས་འདི་འདྲའི་ཨུ་ཚུགས་ཅན་ཞིག་རེད་ཨང་། རྨི་ལམ་ལྟ་བུའི་ཡིད་འོང་མཐའ་དག་བདག་ཏུ་འཛིན་འདོད་པས། རེ་ཞིག་ཡོད་ཚད་ལ་ཨམ་གཙིགས་བསྡམས་སྲིད་ཀྱང་། འབད་པས་སྒྲུབ་པའི་དོན་གང་ཞིག་རང་གི་ཐོག་མའི་བསམ་འདུན་བཞིན་དོན་དང་ལྡན་པར་འགྱུར་རྒྱུ་དེ་ཤིན་ཏུ་དཀའ།
སྟོན་ཟླ་མ་སླེབས་པའི་ཡར་སྔོན་དུ། རིགས་མི་འདྲ་བའི་སེམས་ཅན་གྲངས་མེད་ཅིག་གིས་གནས་འདིར་རྒྱལ་ཕམ་དང་ཐོབ་ཤོར་གྱི་གཏམ་རྒྱུད་མང་པོ་ཞིག་ལ་དབུ་ཁྱུད་འབྲི་ཞིང་། སྟོན་རླུང་དལ་གྱིས་རྒྱུ་བ་དང་ལྷན་དུ་ཡང་སྐོར་ཞིག་གིས་འདུ་འཛོམས་དང་གྱེས་བྲལ་གྱི་འདས་དོན་མང་པོ་ཞིག་ལ་རྫོགས་ཚིག་བཀོད་འགྲོ། ཨ་ཁུ་ཡང་དེ་འདྲ་ཞིག་ཡིན་པར་ངེས་ཏེ། ཁོས་སྟོན་ཀ་དང་ཁ་ཐག་རིང་བའི་རྒྱང་རིང་ཞིག་ནས་ཡང་བསྐྱར་གཏམ་རྒྱུད་གཞན་ཞིག་ལ་དབུ་ཁྱུད་འབྲི་ཡང་སྲིད།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།