ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་།

文摘   2024-11-07 11:54   青海  

ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་སྐབས། ཧུའུ་པེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་རྒྱུ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ངར་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱེད་པ། སྙིང་རུས་རྒྱུན་འཁྱོངས་དང་ལས་དོན་སྒྲུབ་མཁས་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། དབུས་རྒྱུད་ས་ཁུལ་དར་སྤེལ་དང་འབྲེལ་བའི་འཐབ་ཇུས་གལ་ཆེན་གྱི་རྟེན་ས་མགྱོགས་མྱུར་ངང་བསྐྲུན་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་པེ་ཡི་ལེའུ་འབད་པས་རྩོམ་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཟླ11པའི་ཚེས4ཉིན་ནས་ཚེས6ཉིན་བར་དུ། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་མིན་ཧོས་དང་ཧྲིན་ཀྲང་ཝང་ཀྲུང་ལིན་གཉིས་དང་མཉམ་དུ་སྔ་རྗེས་སུ། ཞའོ་ཀན་དང་ཞན་ཉིང་། ཝུའུ་ཧན་བཅས་ཀྱི་རྟེན་མཛོད་ཁང་དང་གྲོང་གསེབ། ཚན་རྩལ། ཐོན་ལས་གསར་གཏོད་ལས་སྟེགས་བཅས་སུ་རྟོག་ཞིབ་གནང་།

ཟླ11པའི་ཚེས4ཉིན་ནས་ཚེས6ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་། འདི་ནི་ཁོང་གིས་ཚེས4ཉིན་གྱི་ཕྱི་དྲོར། ཞའོ་ཀན་གྲོང་ཁྱེར་ཡུན་མིན་རྫོང་རྟེན་མཛོད་ཁང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།
ཚེས4ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཞའོ་ཀན་གྲོང་ཁྱེར་ཡུན་མིན་རྫོང་རྟེན་མཛོད་ཁང་དུ་ཕེབས་ནས། ས་འོག་ནས་བཏོན་པའི་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་དུས་སྐབས་ཀྱི་ཡིག་བྱང་ལ་གཟིགས།  འགྲེམས་སྟོན་བྱས་པའི་ཆིན་རྒྱལ་རབས་ཀྱི་ཁྲིམས་རིགས་བཅོ་བརྒྱད་ཀྱི་སྟེང་ནས། ལོ་ཉིས་སྟོང་ཉིས་བརྒྱ་ལྷག་གི་སྔོན་ནས་བཟུང་། རང་རྒྱལ་དུ་གནའ་རབས་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་གྲུབ་ཡོད་པ་མཚོན་ཡོད།  ཞི་ཅིན་ཕིང་གིས་ཡིག་བྱང་གི་ནང་དོན་དང་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་། སྲུང་སྐྱོབ་དང་ཞིབ་འཇུག་བྱས་པའི་གནས་ཚུལ་བཅས་ཀྱི་ངོ་སྤྲོད་ཞིབ་ཕྲར་གསན་ཞིང་། ཁོང་གིས་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་རིག་རྫས་སྲུང་སྐྱོབ་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་ཇེ་ཆེར་གཏོང་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ནས། ཀྲུང་ཧྭའི་ཤེས་རིག་གི་མཆོག་ནོར་འདི་དུས་ནམ་ཡང་གནས་ཐུབ་པར་བྱེད་རྒྱུ་དང་དེས་ཕྱི་རབས་པ་ཚོར་ཕན་འདོགས་ཐུབ་པར་བྱས་ཏེ། མི་རྣམས་ལ་མི་རིགས་ཀྱི་སྤོབས་སེམས་དང་རང་རློམ་ཆེར་སྐྱེད་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་གསུངས།

ཚེས5ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་དུ་ཕེབས། ཁོང་གིས་ཕན་ཅཱ་ཝན་གྲོང་རྡལ་གྱི་ལེ་དབར་བཅུའི་སྔོ་ཚོད་བར་ཁྱམས་ལ་རྟོག་ཞིབ་མཛད། སྟོན་མཇུག་གི་དུས་འདིར་གནས་དེ་གར་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཞི་ཅིན་ཕིང་ཞིང་ནང་དུ་ཕེབས་ནས་སྔོ་ཚོད་ཀྱི་སྐྱེ་སྟོབས་ལ་གཟིགས་ཞིབ་གནང་བ་དང་། སྔོ་ཚོད་ཀྱི་སྣ་ཁ་དང་འདེབས་འཛུགས་ལག་རྩལ། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་སྐོར་ནས་འདྲི་རྩད་ཞིབ་ཕྲ་གནང་། ཁོང་གིས་གྲོང་གསེབ་ཀྱི་ས་རྒྱ་ཆེ་བའི་དབང་གིས་ཞིང་ལས་ལ་མདུན་ལམ་ཆེན་པོ་ཡོད། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཅིས་ཀྱང་ཚན་རྩལ་ཡར་ཐོན་ལ་བརྟེན་ནས། ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འཕུར་མཆོང་གི་གཤོག་ཟུང་སྤྲོད་དགོས་ཞེས་ནན་གྱིས་གསུངས། ཁོང་གིས་ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཚན་རྩལ་གྱི་བགྲོད་ལམ་དང་སྤུས་ཚད་ཀྱི་བགྲོད་ལམ། མིང་གྲགས་ཐོན་རྫས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། དམངས་ཕྱུག་ཐོན་ལས་ཡིན་པའི་སྔོ་ཚོད་འདེབས་འཛུགས་ལས་ཀ་སྔར་ལས་ཡག་པོར་སྒྲུབ་ནས། མང་ཚོགས་སྔར་ལས་མང་པོའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་བྱ་རྒྱུའི་སྐུལ་ལྕག་གནང་།

འདི་ནི་ཚེས5ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་ལེ་དབར་བཅུའི་སྔོ་ཚལ་བར་ཁྱམས་སུ་ཕེབས་ནས་སྔོ་ཚལ་གྱི་སྐྱེ་སྟོབས་ལ་གཟིགས་བཞིན་པའི་ཚུལ་རེད།
དེའི་རྗེས་སུ་ཞི་ཅིན་ཕིང་ཕན་ཅཱ་ཝན་གྲོང་རྡལ་སི་དབྱི་སྡེ་བར་ཕེབས། ཁོང་སྔ་རྗེས་སུ་གྲོང་ཚོའི་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་། ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ཏེ། རྒན་གསོའི་སྒྲིག་ཆས་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་རྟོག་ཞིང་གནང་བ་དང་། སྡེ་བ་རིམ་པའི་རྩ་འཛུགས་འཁོར་སྐྱོད་དང་ཕྱི་ཚུལ་རིང་ལུགས་ཡོ་བསྲང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་གནང་། ཁོང་གིས་ཏང་འཛུགས་སྣེ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། “རྒན་བྱིས་གཉིས”ཀྱི་གཙོ་གནད་དམ་འཛིན་བྱས་ཏེ། སྔར་ལས་གནད་ལ་འཁེལ་ཞིང་ནུས་ལྡན་གྱི་སྒོ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཇེ་ཡང་དུ་བཏང་ནས། གཞི་རིམ་གྱི་ལས་བྱེད་པས་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བར་འབད་དགོས་ཞེས་བསྟན། 
འདི་ནི་ཞི་ཅིན་ཕིང་གིས་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་སི་དབྱི་སྡེ་བའི་སྡེ་མི་ཞུང་ཁྲིན་ལུང་ཚང་གི་ཁྱིམ་མི་དང་མཉམ་དུ་གསུང་གླེང་མཛད་པའི་ཚུལ་རེད། 
གྲོང་མི་ཞུང་ཁྲིན་ལུང་གི་ཁྱིམ་དུ།   ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་ཁྱིམ་ཆས་དང་འཚོ་བར་ཞིབ་གཟིགས་གནང་བ་དང་། ཁྱིམ་མི་དང་མཉམ་དུ་ཐོན་སྐྱེད་དང་བྱིས་པའི་ལས་ཞུགས་ལས་སྐྲུན། ཁྱིམ་ཚང་གི་ཡོང་འབབ། རྒན་གསོ་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ལོ་འདི་དག་གི་རིང་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་དང་། ཞིང་པའི་དངོས་པོ་དང་རིག་གནས་འཚོ་བའི་སྐོར་གྱི་འགན་སྲུང་ཉིན་རེ་ལས་ཉིན་རེར་ཆེ་རུ་འགྲོ་བཞིན་པ་ཐོས་པས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།  ཁོང་གིས་ཁྱིམ་མི་ཚང་མས་མུ་མཐུད་དུ་འབད་བརྩོན་བྱས་ནས། ཐོན་སྐྱེད་དང་འཚོ་བ་སྔར་ལས་གང་ལེགས་ཡོང་བར་བྱེད་པ་དང་བུ་དང་བུ་མོ་གསོ་སྐྱོང་ཡག་པོ་བྱས་ནས། འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཐུགས་རེ་བཏོན།
འདི་ནི་ཚེས5ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་སི་དབྱི་སྡེ་བ་རུ་རྟོག་ཞིབ་མཛད་སྐབས། སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད། 
ཞི་ཅིན་ཕིང་སྡེ་བ་དེ་དང་ཞལ་གྱེས་སྐབས་སྡེ་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས།  ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་དགོས་ལ། ཆེས་ཐོག་མར་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ཡུལ་མི་སྤུན་ཟླ་ཚོས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དང་། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་རྒྱུ་དང་། གྲོང་སྡེ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱས་ཏེ། མཉམ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
འདི་ནི་ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད། 
ཚེས5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། ཚན་རྩལ་གསར་གཏོད་མཁོ་སྤྲོད་ཕྲེང་འབྲེལ་སྟེགས་བུའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་འགྲེམས་སྟོན་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་གཟིགས་ཞིབ་གནང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་རྒྱུས་ལོན་གནང་། ཚན་རིག་ཞིབ་འཇུག་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་ལྷན་དུ་གྲོས་བསྡུར་དང་བརྗེ་རེས་ཟབ་མོ་གནང་། ཁོང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱ་རྒྱུར་སྔར་ལས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཏོན་ཡོད། རྒྱ་ཆེའི་ཚན་རྩལ་ལས་གཉེར་པ་དང་ཁེ་ལས་མཁས་ཅན་དག་གིས་རང་རློམ་སྔར་ལས་ཆེ་རུ་གཏོང་བ་དང་མིག་རྒྱང་རིང་བོ་འཛིན་པ། མཉམ་དུ་ནུས་ཤུགས་འདོན་པ་བཅས་བྱས་ཏེ། གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི་ཁྲོད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཚེས6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཧུའུ་པེ་ཡི་ལས་དོན་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། མ་འོངས་པའི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན།

ཞི་ཅིན་ཕིང་གིས་ཧུའུ་པེ་ལ་མཚོན་ནས་བཤད་ན། ཚན་རིག་སློབ་གསོའི་སྐོར་གྱི་ཤེས་ལྡན་པའི་ལེགས་ཆ་མངོན་གསལ་ལྡན་པ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེན་པོ་ཡོད་པའི་དབང་གིས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་གསར་འབྱེད་ཡར་བརྩོན་བྱེད་དགོས། རང་འགུལ་ངང་རྒྱལ་ཡོངས་ཀྱི་གསར་གཏོད་ཕྲེང་འབྲེལ་ནང་ཞུགས་ཏེ། རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེ་བའི་ཚན་རྩལ་གྱི་གསར་གཏོད་མཐོ་ས་འབད་པས་བསྐྲུན་ནས། ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་འབྱུང་ཁུངས་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གཙོ་གནད་ཐོན་ལས་ལ་དམ་པོར་དམིགས་ཏེ། གསར་གཏོད་ཀྱི་ཕྲེང་འབྲེལ་དང་ཐོན་ལས་ཀྱི་ཕྲེང་འབྲེལ། མ་དངུལ་གྱི་ཕྲེང་འབྲེལ། འཇོན་མིའི་ཕྲེང་འབྲེལ་བཅས་ཀྱི་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་ཞིབ་འཇུག་གསར་གཏོད་ཀྱི་འགག་གནད་སྒྲོལ་བར་ཤུགས་སྣོན་པ། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་མཉམ་སྡེབ་སྒོས་གསར་གཏོད་བྱེད་པའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། ཚན་རྩལ་གྲུབ་འབྲས་བསྒྱུར་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ། མ་འོངས་ཐོན་ལས་དཔུང་གཤིབ་མཉམ་སྐྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། ཚོང་རྟགས་གྲགས་ཅན་སྔར་ལས་གང་མང་བསྐྲུན་དགོས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཟིལ་གནོན་རང་བཞིན་གྱི་གནས་སུ་འཇོག་རྒྱུ་དང་། བདེ་འཇགས་མཉེན་གཤིས་ཀྱི་དེང་རབས་ཆུ་དྲ་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་པ། འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལོ་བཅུའི་རིང་འབྲི་ཆུའི་ནང་དུ་ཉ་འཛིན་མི་ཆོག་པར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཧུའུ་པེ་ཡིས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཐད་འཚོལ་ཞིབ་བྱེད་ཕོད་པར་བྱེད་དགོས། ཁྱབ་ཁོངས་གལ་ཆེན་དང་མ་ལག་གཙོ་བོའི་བཅོས་སྒྱུར་དམ་འཛིན་ལེགས་པོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཁྱོན་ཡོངས་ནས་འདྲེས་པར་བྱས་ཏེ། སྔར་ལས་དྲང་སྙོམས་དང་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་བསྐྲུན་དགོས།  “བློ་བརྟན་འགྱུར་མེད་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཕན་ཚུན་སྐུལ་སྤེལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་ནང་གཉིས་ཀར་སྒོ་འབྱེད་གལ་ཆེན་མཉམ་འཛིན་རྒྱུན་འཁྱོངས་དང་སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་བཙན་ས་བསྐྲུན་པ། ས་ཁོངས་མཉམ་ལས་ཟབ་སྤེལ་བྱེད་པ། ཐོན་ལས་ཀྱི་བཀོད་པ་གོ་རིམ་ལྡན་པའི་ངང་ནས་ལེགས་སྒྱུར་བྱེད་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་འབད་པས་ཞུགས་རྒྱུ་དང་། སྒོ་འབྱེད་ལྟེ་གནད་ཀྱི་ནུས་པ་མ་ལག་ལྡན་པའི་ངང་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཧུའུ་པེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཐད་འབད་འབུངས་ཡར་བརྩོན་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་ཚོགས་པ་ལྟེ་བར་བཟུང་སྟེ། འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཚོགས་པ་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྫོང་མཁར་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རང་རང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དམ་འཛིན་ནན་མོ་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་སྣ་མང་གཉེར་སྐྱོང་གི་སྦས་ཤུགས་སྔོག་འདོན་བྱས་ནས་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་གཏོང་ཚད་ཇེ་མགྱོགས་སུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། དམངས་ཚིས་འགན་སྲུང་གི་བྱ་བ་སོ་སོ་ལེགས་སྒྲུབ་ནན་མོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་ཟབ་མོ་བྱས་ནས་སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཧུའུ་པེ་ལ་མཚོན་ནས་བཤད་ན། ལོ་རྒྱུས་དང་རིག་གནས་ཀྱི་ནང་སྙིང་ཆེན་པོ་ལྡན་པ་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པའི་དབང་གིས། རིག་གནས་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་རིག་གནས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་ནན་མོ་འཁུར་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དང་བབ་བསྟུན་བེད་སྤྱོད་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཤེས་རིག་འབྱུང་ཁུངས་ཀྱི་ཞིབ་འཇུག་དང་ཁྱབ་སྤེལ་འགྲེམས་སྟོན་ལ་ཤུགས་སྣོན་དགོས། ཏ་པེའེ་ཧྲན་གྱི་སྙིང་སྟོབས་དང་ཆུ་ལོག་འགོག་པའི་སྙིང་སྟོབས། རིམས་ནད་འགོག་རྒོལ་གྱི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་དགོས། རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། རིག་གནས་ཀྱི་ལས་རྣམ་གསར་པ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་སྟེ། སྔར་ལས་མང་བའི་རིག་གནས་ཐོན་རྫས་དང་ཞབས་ཞུ་སྤུས་ལེགས་མང་ཚོགས་ཀྱི་གམ་དུ་སྐྱེལ་དགོས། རིག་གནས་ཡུལ་སྐོར་སྤུས་རྟགས་དང་ལམ་ཐིག་རྩེ་གྲ་བཏོད་དེ། རིག་གནས་ཡུལ་སྐོར་ལས་རིགས་རྐང་འཛིན་ཐོན་ལས་སུ་འགྱུར་བར་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། ཏང་འཛུགས་ལ་ཤུགས་སྣོན་པ་དང་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་བློ་སྟོབས་འཕེལ་བར་བྱེད་པ། གསར་འབྱེད་གསར་གཏོད་བྱེད་ཕོད་ལ་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་པ། འབད་འཐབ་བྱེད་ཕོད་པ་དང་གདོང་མཆོང་བྱེད་ཕོད་ལ་མཐུན་སྒྲིལ་རོགས་ལས་ཀྱང་བྱེད་མཁས་པ། ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་ཆེན་པོ་འཇོག་པ་བཅས་བྱེད་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་འཛིང་གི་བཙན་རྫོང་བརྟན་པོ་བསྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་རྒོལ་བ་བཅས་བྱས་ཏེ། སྲོལ་བཟང་སྤྱོད་ཡག་གི་ཆབ་སྲིད་སྐྱེ་ཁམས་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ད་ལོའི་དུས་ཚོད་ལ་ཟླ་བ་གཉིས་ཀྱང་ལྷག་མེད་པའི་དབང་གིས། བྱ་བ་སོ་སོ་དང་ལྷག་པར་དུ་དཔལ་འབྱོར་བྱ་བ་སྔར་ལས་དམ་འཛིན་གང་ལེགས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་རྩེ་གཅིག་ཏུ་འབད་དགོས་ཞེས་ནན་གྱིས་གསུངས།

ཧི་ལིས་ཧྥུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་བྱས།


རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章