ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་གྲོས་མོལ་མཛད།

文摘   2024-11-09 10:14   青海  

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་གྲོས་མོལ་མཛད།

ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་གྲོས་མོལ་མཛད།

ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་སྤེལ་བ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་ཡོད།  དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་།  ཀྲུང་གོ་དང་དབྱི་ཐ་ལི་གཉིས་གནའ་བོའི་དཔལ་ཡོན་དར་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས།  སྒོ་འབྱེད་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་གི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་མོལ་ལ་བརྟེན་ནས་འགལ་བ་སེལ་བ་དང་། མཉམ་ལས་ལ་བརྟེན་ནས་གདོང་ཐུག་ལས་བརྒལ་བ། ལག་གདང་སྦྲེལ་ནས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་ཆེས་མངོན་གསལ་དོད་པའི་རྨང་གཞིར་འགྱུར་བར་བྱེད་དགོས།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་དང་ཁྱབ་ཁོངས་སོ་སོའི་གླེང་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགྲོ་འོང་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་དུ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། ཕན་ཚུན་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་གྲོགས་པོ་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལ་གྲུབ་འབྲས་དང་གསོན་ཤུགས་ལྡན་པས།  ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་བརྗེ་རེས་གཏིང་ཟབ་བྱེད་པ་དང་། རེས་སྐོར་གསར་པའི་རིག་གནས་མཉམ་ལས་ལག་བསྟར་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ། རིག་གནས་སྒྱུ་རྩལ་དང་། རིག་རྫས་སྲུང་སྐྱོབ། གསུང་རབ་གསུང་རྩོམ་ཕན་ཚུན་ཡིག་སྒྱུར། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། རིག་གནས་ཤུལ་བཞག་ཐོན་ཡུལ་གྱི་མཉམ་ལས་དེ་ཀྲུང་གོ་དང་དབྱི་ཐ་ལིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ཕྱོགས་གཉིས་ཀྱིས་སྐད་ཡིག་སློབ་ཁྲིད་དང་ན་གཞོན་ལོ་ཆུང་གི་བརྗེ་རེས་ལ་རྒྱབ་སྐྱོར་བྱས་ཏེ།  དུས་རབས་གསར་པའི་མཱ་ཁི་པོ་ལཱོ་ལྟ་བུའི་མི་སྔར་ལས་མང་པོ་མཉམ་དུ་སྐྱེད་སྲིང་བྱེད་དགོས།  ཕྱོགས་གཉིས་ཀྱིས་ཕན་ཚུན་གྲུབ་འབྲས་ཐོབ་པའི་མཉམ་ལས་གྲོགས་པོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་ཕན་ཚུན་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་གཙང་མ།  མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་།  ཀྲུང་གོ་དང་ཡོ་རོབ་ནི་ཞི་བདེ་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པའི་ཆ་ནས། འཐབ་ཇུས་འབྲེལ་འདྲིས་དང་། སྒོ་འབྱེད་མཉམ་ལས། བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཚེ། ཕྱོགས་གཉིས་ལ་ཕན་པ་དང་འཛམ་གླིང་ལའང་ཕན།  ཀྲུང་གོས་ཡོ་རོབ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཕྱོགས་གཉིས་ཀྱིས་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་དང་།  འགལ་བ་དོ་དམ་དང་ཚོད་འཛིན་གང་ལེགས་བྱས་ཏེ།  ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་དགོས་ངེས་ཀྱི་འཐུས་ཚང་དང་བརྟན་བརླིང་མངོན་དུ་འཇུག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ལ།  དབྱི་ཐ་ལི་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད།

མཱ་ཐ་ལེ་ལཱ་ཡིས་བསྟན་དོན།  2017ལོར་ཀྲུང་གོར་འཚམས་འདྲི་བྱས་པ་དང2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུས་པའི་གནས་ཚུལ་ངའི་སེམས་སུ་གསལ་བོར་གནས་ཡོད། ད་ལོ་ནི་མ་ཁི·པོ་ལཱོ་སྐུ་གཤེགས་ནས་ལོ700འཁོར་བའི་ལོ་ཡིན་ཞིང་།   མཱ་ཁི·པོ་ལཱོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་དབྱི་ཐ་ལི་དང་ཀྲུང་གོའི་མཛའ་བརྩེ་ལ་ལོ་རྒྱུས་རིང་བ་དང་།  དཔལ་ཡོན་ཆེན་པོ་གཉིས་ཕན་ཚུན་བཀྲག་མདངས་འཚེར་བའི་བསྡུས་རིས་ཤིག་ཡིན།  དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རོགས་རེས་ལ་ཤུགས་བསྣན་ཏེ།  འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་དགོས། དབྱི་ཐ་ལི་དང་ཀྲུང་གོས་རིག་གནས་དང་། སློབ་གསོ། སྐད་ཡིག་སློབ་ཁྲིད།  ཤུལ་བཞག་ཁུལ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ། ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་།   ཀྲུང་གོ་ཐོག་མཐའ་བར་གསུམ་དུ་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩིས་ནས།  ཀྲུང་གོ་དང་མཉམ་དུ་དབྱི་ཐ་ལི་དང་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།  དབྱི་ཐ་ལི་ཕྱོགས་ཀྱིས་གནད་དོན་གལ་ཆེན་མང་པོའི་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་ཉེ་བ་དང་། ཚང་མས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། ཕན་ཚུན་སྒོ་འབྱེད་དར་སྤེལ།  དགེ་མཚན་ལྡན་པའི་འབྲེལ་འདྲིས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བའི་འདོད་བློ་བཅངས་ཡོད།  དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རོགས་ལས་དམ་ཟབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་དབྱི་ཐ་ལི་དང་ཀྲུང་གོའི་དཔལ་ཡོན་ཆེན་པོ་གཉིས་ཀྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་འདོད་ཡོད།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་རིག་གནས་དང་། ཚན་རྩལ། སློབ་གསོ། འཛམ་གླིང་ཤུལ་བཞག་ཁུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་མཛད།

གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མཱ་ཐ་ལེ་ལཱར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21འཕངས་པ་དང་། གུས་དམག་ཕྲེང་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་དབྱི་ཐ་ལིའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། མཱ་ཐ་ལེ་ལཱ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་ཡང་གཟིགས་པ་རེད།

ཉིན་དེའི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཙུང་ཐུང་མཱ་ཐ་ལེ་ལཱ་དང་ཁོང་གི་བུ་མོ་ལའོ་ལཱ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།


རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章