སྡོམ་ཤོར་ཡིན་ཡང་ད་དུང་རྒྱུད་ན་བྱིན་རླབས་ཀྱི་ཚན་ཁ་ཡོད།

文化   2024-07-23 18:44   四川  

སྡོམ་ཤོར་ཡིན་ཡང་ད་དུང་བྱིན་རླབས་ཡོད་པའི་མགུར་གླུ་དུམ་ཚན་གསུམ།


གཅིག 

གཞན་ཡང་ཁྱིམ་པ་ཕལ་ཆེར་གྱིས།།

རང་གི་ཡུལ་ཕྱོགས་སེར་མོ་ལ།།

སྡོམ་པ་མེད་ཟེར་ཁ་ཡིས་གཏོང་།།

མོ་སྡོམ་ཙམ་ཞིག་མེད་ཙ་ན།། 

ཁྱིམ་པ་རྣམས་དང་ཁྱད་མེད་ཟེར།།

མེ་ཏོག་ཙམ་པ་ཀ་རྒས་ཀྱང་།།

མེ་ཏོག་ཕལ་གྱི་དོ་ཟླ་མིན།། 

ཁྱིམ་པ་བཞིན་དུ་སྲོག་གཅོད་དང་།།

རྐུ་དང་འཕྲོག་བཅོམ་སོགས་མི་བྱ།།

ཐུགས་དམ་བཟླས་བརྗོད་མང་པོ་བྱེད།། 

ཁྱིམ་པ་ལྟ་བུ་ག་ལ་ཡིན།།

མོ་སྡོམ་ཤོར་ཡང་སྡོམ་པ་གཞན།།

ཐམས་ཅད་ཤོར་ནས་ག་ལ་འགྲོ།། 

དཔེར་ན་ཕྱུག་པོའི་རྟ་བརྐུས་ཀྱང་།།

ར་ལུག་གཡག་གསུམ་ག་ལ་འཆོར།།

མོ་སྡོམ་ཙམ་ཞིག་མེད་ཙ་ན།།

སྡོམ་པ་ཚང་མ་མེད་ན་ཡང་།།

སྡོམ་པ་རེ་རེ་མེད་ནི་མེད།།

སེར་མོ་ཁྱིམ་པ་ལྟ་བུ་མིན།།

དག་སྣང་གྱིས་ཤིག་ཁྱིམ་པ་ཚོ།། 

སྡོམ་པ་ཤོར་ཡང་ཁྱིམ་པར་མཁོ།།

ན་ཚ་གོད་ཁ་བྱུང་ཙ་ན།།

མདོ་སྒྲོལ་གདུགས་དཀར་རྣམ་འཇོམས་སོགས།།

སྐུ་རིམ་འདོན་དུ་སྡོམ་ཤོར་མཁོ།།

འཆི་ཚེ་རྣ་བར་ཆོས་ཀྱི་སྒྲ།།

ཐར་མདོ་ཀུན་རིག་ལྷང་ལྷང་དུ།།

སྒྲོགས་དུས་སྡོམ་ཤོར་རྣམ་མིན་མེད།།

ཐག་རིང་ཡུལ་ཕྱོགས་གཞན་ཞིག་གི། 

དགེ་སློང་སྡོམ་ལྡན་ཞིག་མི་འོང་།།

ཁྲིད་ལ་ཤོག་དང་ངེད་ཚོས་བལྟ།།

མཁོ་དུས་ཡུལ་ཕྱོགས་བླ་རྒན་རྣམས།།

འགབ་ནས་བཞག་དེ་མ་བརྙས་པར།།

བསྙེན་བཀུར་ཕུན་སུམ་ཚོགས་པ་གྱིས།།

ནམ་ཞིག་མཁོ་བའི་དུས་ཚོད་འབྱུང་།།

མདོར་ན་ལྷན་པ་སེར་པོ་ཞིག།

གྱོན་ཚད་ཁྱིམ་པས་སྤྱི་བོར་བཀུར།།

བསོད་ནམས་དཔག་མེད་འཐོབ་པར་འགྱུར།། ཞེས་དང་།


གཉིས།

བླ་མ་དཀོན་མཆོག་ཐུགས་རྗེ་ཅན།། 

ཁྱིམ་པའི་བློ་ཁ་ཆོས་ལ་སྒྱུར།།

ཨེ་ཚོ་ཁྱིམ་པ་ཕོ་མོ་རྣམས།།

རང་གི་ཡུལ་ཕྱོགས་སེར་མོ་ཚོར།།

སྡོམ་པ་ཁྲིག་ཁྲིག་ཅང་མེད་རུང་།།

བྱིན་རླབས་ཆེན་པོ་མེད་མ་སྙམ།།

གློ་བུར་ཀེག་ལྷོགས་གཟེར་གསུམ་བྱུང་།།

སང་འཆི་གནང་འཆི་ཟེར་བའི་མིའི།།

སྟེང་ནས་སེར་མོ་འགའ་རེས་ཤིག། 

བཏོན་ཕྱིན་ནད་སོས་འཁུན་དྭངས་འགྲོ།།

བྱིན་རླབས་ཡོད་པ་དེ་ཡིས་ཤེས།།

ནད་པའི་སྟེང་ནས་ཁྱིམ་པ་ཡིས།།

འུར་ཞིག་བསྐྱལ་ཕྱིན་འུར་དེར་ཁག། 

བཞག་ནས་ཇེ་ཐུར་སོང་བ་མང་།། ཞེས་དང་།།


གསུམ། 

བླ་རྒན་འཚོགས་ནས་ཆོས་བཏོན་པས།།

ནད་པ་ནད་ལས་ཐར་བ་མང་།།

ཨེ་བདེན་སོམས་དང་ཤིན་ཏུ་བདེན།།

གསོན་པའི་བར་ཆད་སེལ་བའི་དུས།།

ཤི་བའི་སྔས་མགོའི་བླ་རྒན་ཚོས།།

བཏོན་ན་དེ་བས་ཕྱི་མར་ཕན།།

ཤི་དུས་ལམ་སྣ་འདྲེན་མཁན་ཡང་།།

ཡུལ་ཕྱོགས་བླ་རྒན་རྣམས་ཚོ་ཡིན།།

འདི་ཕྱི་གཉིས་ཀར་བཀའ་དྲིན་ཆེ།། ཞེས་སོ།།


ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་སོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章