རྟོག་བཏགས། སྲིད་འཛིན་མགོ་སེར་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་།

文化   2024-07-26 18:55   四川  
སྲིད་འཛིན་མགོ་སེར་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་།


གླུ་ཨ་ལ་གླུ་ཡི་ལེན་ལུགས་རེད། 

མ་ཐ་ལ་ངག་གི་འགུག་ལུགས་རེད། 

མཆོད་ཅིག་སྐྱབས་མགོན་ཡེ་ཤུ་མཆོད། 

ཕོ་ང་ཡི་གླུ་སྣ་འདྲེན་པར་མཛོད། 

ས་འདི་དང་ས་ངོ་མ་ཤེས་ན། 

ཡུལ་སྐྱིད་པོ་ཨ་རིའི་ལུང་པ་རེད། 

ལྷོ་འཛམ་བུ་གླིང་གི་གནས་མཆོག་རེད། 

སྟོབས་ཆེ་བ་འགྲན་ཟླ་མེད་ས་རེད། 

མི་ང་དང་ང་ངོ་མ་ཤེས་ན། 

མི་ང་ལ་ཁྲོམ་ཕུར་རྒྱལ་པོ་ཟེར། 

ས་འཛམ་གླིང་ནུབ་ཀྱི་བདག་པོ་བྱས། 

ལྷོ་འཛམ་གླིང་ཡོངས་ལ་ཞབས་སོར་བཀོད། 

སྐྱིད་མ་མྱོང་ཟེར་བ་ང་ལ་མེད། 

ཟོས་མ་མྱོང་ཟེར་བ་ང་ལ་མེད། 

སོང་མ་མྱོང་ཟེར་བ་ང་ལ་མེད། 

རོལ་མ་མྱོང་ཟེར་བ་ང་ལ་མེད། 

ཐོབ་མངའ་ཐང་དགོས་ན་ང་ལ་ཡོད། 

རྒྱུ་དཔལ་འབྱོར་དགོས་ན་ང་ལ་ཡོད། 

མཚན་སྙན་གྲགས་དགོས་ན་ང་ལ་ཡོད། 

གནའ་འཁོར་ལོས་བསྒྱུར་རྒྱལ་ཟེར་བ་ཡང་། 

ངའི་ཡན་གྱི་མི་ཞིག་ཡིན་སྣང་མེད། 

སྟེང་ལྷ་ཆེན་ཚངས་པ་ཟེར་བ་ཡང་། 

ངའི་ཡན་གྱི་དཔོན་ཞིག་ཡིན་སྣང་མེད། 

རྒྱལ་ཆེན་ཕོ་འགྱིང་ཟེར་བ་ཡང་། 

ངའི་ཟུར་ལ་ཐོན་ན་ཆུང་ཆུང་ཡིན། 

ཨུ་ཡུག་འཐབ་འཁྲུག་ཟེར་བ་ཡང་། 

ཕོ་ང་འདྲ་ཐོན་ན་བདེ་འཇགས་ཡིན། 

ངས་མེད་པ་སྒྲོ་འདོགས་བྱས་པ་མིན། 

རྣ་ཡར་མར་གཏོད་ལ་ཉན་ཡག་བྱོས། 

ངས་རང་བསྟོད་རང་བསྔགས་བྱས་པ་མིན། 

མིག་ཡར་མར་འཁོར་ལ་བལྟ་ཡག་བྱོས། 

ཡིན་རྒྱུ་དེ་འདྲ་ཡིན་ན་ཡང་། 

དེང་སང་ང་ལ་ངེས་འབྱུང་སྐྱེས། 

འཁོར་བའི་ཆོས་ལ་ཞེན་པ་ལོག 

མི་རྟག་རྒྱུ་འབྲས་ངོ་བོ་རྟོགས། 

ནང་པའི་ཆོས་ལ་རབ་ཏུ་བྱུང་། 

བུ་དང་ཆུང་མ་རྒྱབ་ལ་བསྐྱུར། 

རྒྱུ་དང་དཔལ་འབྱོར་གཡས་སུ་བཞག 

ཐོབ་དང་མངའ་ཐང་གཡོན་དུ་དོར། 

མགོ་བོའི་སྐྲ་ལོ་རལ་གྲིས་བཅད། 

ནུབ་ལྭ་དོར་ནས་ཆོས་ལྭ་གྱོན། 

ནང་པའི་ཆོས་ལ་དད་པ་སྐྱེས། 

ཡེ་ཤུ་དོར་ནས་སྐྱབས་སྡོམ་བླངས། 

ད་ནི་བྱང་ཆུབ་སེམས་ལ་སློབ། 

འཁོར་བའི་ལས་ལ་ཁ་ཡ་མེད། 

དད་ས་དཀོན་མཆོག་གསུམ་པོ་ཡིན། 

བསམ་རྒྱུ་ལས་དང་རྒྱུ་འབྲས་ཡིན། 

ཨ་སྒོར་མི་སྒོར་ངས་མི་ཤེས། 

འབུ་ཤ་ཉ་ཤ་ངས་མི་བཟའ། 

ཆང་དང་དུ་བ་གཏན་འདོར་ཡིན། 

རིན་ཆེན་གསེར་དངུལ་རེག་མི་འདོད། 


ཕྱི་མ་ཁོ་ན་དོན་དུ་གཉེར། 

རབ་ན་ཐར་ལམ་ཟིན་པ་ཞིག 

འབྲིང་ན་ཚེ་ཆོས་མཉམ་པ་ཞིག 

ཐ་མ་ཆོས་དད་ཡོད་པ་ཞིག 

དེ་མ་གཏོགས་ང་ལ་བསམ་རྒྱུ་མེད། 

ས་ཐག་རིང་ཨ་རིའི་ཡུལ་ནས་ཡོང་། 

གྲགས་ཆེ་བ་གངས་ལྗོངས་ཡུལ་ལ་ཐོན། 

མགོའི་སྐྲ་ལོ་བཅད་ནས་རབ་ཏུ་བྱུང་། 

ད་ང་ཡི་བསམ་པ་འགྲུབ་པ་ཡིན། 

ཚེ་མཐར་ཆོས་དང་འཕྲད་པ་འདི། 

ཚེ་རབས་སྔོན་མའི་བསོད་ནམས་ཡིན། 

ད་མང་པོ་བཤད་པའི་ཁོམ་པ་མེད། 

ཚེ་མི་རྟག་ནམ་མཁའི་སྤྲིན་པ་ཡིན། 

ཕྱིར་སོང་ནས་མ་ཎི་འདོན་དགོས་ཡོད། 

གླུ་གོ་ན་སྙན་གྱི་སྦྲང་རྩི་ཡིན། 

ད་མ་གོ་འགྲེལ་བ་རྒྱག་ཁོམ་མེད། 


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章