གྲྭ་ལོག་བྱས་རྗེས་སུ་ངེས་པར་དུ་བསྲུང་དགོས་པའི་དམ་ཚིག་བཞི།

文化   2024-07-08 19:09   四川  

གྲྭ་ལོག་བྱས་རྗེས་སུ་ངེས་པར་དུ་བསྲུང་དགོས་པའི་དམ་ཚིག་བཞི།


རྩོམ་པ་པོ། གཙང་གངས་ལྷ།


རང་གི་སེམས་ངོགས་སྟོན་དགོས་སའི་མི་ཞིག་གིས་གྲྭ་ལོག་བྱས་རྗེས་སེམས་གཏམ་འགའ་མོལ་བ།   


   གཅིག སྟོན་པ་སངས་རྒྱས་དང་དེའི་བསྟན་པ། བཀའ་དྲིན་གསུམ་ལྡན་གྱི་བླ་མ་སོགས་ལ་ངོ་ལོག་མི་རུང་བ། ཁ་སང་དེ་རིང་གྲྭ་ལོག་རེ་འགས་རྒྱུ་མཚན་ལོག་པར་མཐོང་ནས་སྟོན་པ་དང་བསྟན་པ་ལ་ཁ་གཏོང་བ་དང་། ཡང་རེ་འགས་ནི་མི་རིགས་རང་མཚན་པར་ཁ་གཡར་ནས་བསྟན་པ་ལ་ཁ་གཏོང་བ་ཤིན་ཏུ་མང་། ལོ་རྒྱུས་ཀྱི་དབང་དུ་བྱས་ན་ལྟར་སྣང་ལ་ཆོས་ཀྱིས་སྲིད་ལ་གནོད་པ་བྱས་སོང་སྙམ་པ་ཕྱོགས་རེ་འགའ་མཐོང་སྲིད་ཀྱང་། བློ་གཟུ་བོར་གནས་ཏེ་ཞིབ་མོ་རྣམ་འཐག་གིས་དཔྱད་པ་བཏང་ན། དེ་ནི་“སྣོད་ཀྱི་སྐྱོན་བསྟན་བཅོས་ལ་སྦྱར་བ་”ལས་ཅི་ཡང་མིན་པས་གཡམ་རྒྱུག་གི་ལས་ལ་ཞེ་དྲགས་གཟབ་དགོས།   


   གཉིས།  རང་མི་རིགས་ལ་ཞབས་འདྲེན་མི་རུང་བ། ཐོབ་ཐང་གང་འཚམ་གྱིས་རྙི་རུ་ཚུད་ཅིང་སྒོར་མོ་རེ་འགའ་ཡིས་གཟན་ལ་འདུར་ཚེ། ད་གཟོད་རང་ཉིད་མི་རིགས་གང་ཡིན་པ་དང་རང་གིས་ལས་ཀ་ཅི་ཞིག་སྒྲུབ་ཀྱིན་ཡོད་པ་ནི་གཏན་བརྗེད་དུ་འགྲོ་སྲིད། འོ་སྐོལ་ལམ་གཞན་དུ་ཞུགས་པ་ནས་བཟུང་འགྲུབ་རུང་མ་འགྲུབ་རུང་མི་རིགས་ལ་ཞེན་པའི་ཞེ་འདང་གི་གངས་རི་དཀར་པོ་དེར་ཆག་གྲུམ་ཤོར་མི་རུང་ལ། སྐྱིད་སྡུག་གཅིག་པའི་ནང་མི་དག་གི་ཡིད་ཆེས་གསེར་གྱི་སྐུད་པ་དེ་གཏན་ནས་གཅོད་མི་རུང་། རང་ཉིད་ཀྱི་མི་རིགས་ལ་ངོ་ལོག་པ་ནི་དོན་དུ་རང་ཉིད་ལ་ངོ་ལོག་པ་ཡིན།   


   གསུམ། དཔེ་ཆ་དང་ཁ་འབྲལ་མི་རུང་བ། དཔེ་ཆ་དང་ཁ་བྲལ་བ་ནི་གནས་ལུགས་དང་ཁ་བྲལ་བ་ཡིན། གནས་ལུགས་དང་ཁ་བྲལ་རྗེས་བྱ་ངན་སྤྱོད་ངན་གྱི་མགོ་བརྩམས་གྲུབ་པ་ཡིན་པས་དཔེ་ཆ་དང་གཏན་ནས་ཁ་འབྲལ་མི་རུང་། སློབ་སྦྱོང་ལ་རྒྱབ་གཏད་རྗེས་རང་གི་མ་འོངས་པའི་མདུན་ལམ་ལ་རིན་ཐང་མེད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན།   


   བཞི།  དུད་ཆང་ཤྭོ་རྒྱག་སོགས་བག་མེད་ཀྱི་སྤྱོད་པ་མི་རུང་བ། ཆོས་ལུགས་ཀྱི་ལྟ་གྲུབ་ལས་བརྒལ་ཏེ་ཞིབ་འདང་བརྒྱབ་ན། དུད་ཆང་གིས་རང་དང་རང་གི་ཁྱིམ་ཚང་མ་རུང་པར་བྱེད་པ། གམ་ན་ཡོད་པའི་མི་དག་ཞེ་ཁྲེལ་བར་བྱེད་པ། མདོར་ན་ངན་དགུ་ཚང་བའི་ཀུན་སྤྱོད་ཐ་ཆད་པ་ཞིག་ཡིན་པས་ཅིས་ཀྱང་གཟབ་དགོས། འདི་དག་ནི་ངས་དགེ་བཅུའི་ཁྲིམས་ལ་བསྟུན་ཏེ་སྨྲས་པ་མིན་ལ་དགེ་བཅུའི་ཁྲིམས་དང་ངའི་བར་ལ་འབྲེལ་བའང་མེད།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章