དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ། ཡིག་སྒྱུར་བ། གྲུ་ཆུང་།

文摘   2023-06-24 09:09   青海  

 发表于青海




དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ།


           རྩོམ་ཁུངས། ཡ་ཧུ་དཱ་པའི་བྱིས་སྐྱོང་སློབ་གསོའི་དེབ།

           ཡིག་སྒྱུར་བ།  གྲུ་ཆུང་།


   ཨ་རིའི་སློབ་ཆུང་ཞིག་གི་རྩོམ་ཡིག་སློབ་ཁྲིད་སྐབས་སུ། དགེ་རྒན་གྱིས་སློབ་ཕྲུག་ཚོར་བྱིན་པའི་རྩོམ་གྱི་ཁ་བྱང་ནི"ངའི་རེ་འདུན"ཞེས་པ་རེད། ཡ་ཧུ་དཱ་པ་བའི་བྱིས་པ་ཞིག་ཁ་བྱང་འདིར་ཧ་ཅང་དགའ་སྟེ་འབྲི་དེབ་སྟེང་དུ་རང་གི་ཕུགས་བསམ་མགྱོགས་པོར་བྲིས། ཁོས་རེ་བར་མ་འོངས་པར་རང་ལ་སྤྱི་ཆིང་བཅུ་ལྷག་ཟིན་པའི་གཞིས་ཀ་ཞིག་ཡོད་ན་བསམ་ཞིང་། རྒྱ་ཆེ་བའི་ས་སྟེང་ལ་རྩྭ་སྔོན་འདེབས་པ་དང་། གཞིས་ཀ་རུ་ཤིང་ཁང་ཆུང་ཆུང་མང་པོ་ཡོད་པ། ཤ་བསྲེག་ས་དང་མགྲོན་ཁང་ཡོད་པ། རང་ཉིད་འདུག་པ་ལས་གཞན་ད་དུང་ལྟ་སྐོར་བས་རང་གི་གཞིས་ཀ་ལོངས་སྤྱོད་བྱས་ཆོག་པ་དང་ཁོ་ཚོར་ངལ་གསོ་སའི་འདུག་གནས་བསྐྲུན་པ་བཅས་རེད།

   བྲིས་ཚར་བའི་རྩོམ་ལ་དགེ་རྒན་གྱིས་གཟིགས་རྗེས། སློབ་ཕྲུག་དེའི་འབྲི་དེབ་སྟེང་དུ་རྟགས"✖️"དམར་པོ་ཆེན་པོ་ཞིག་བརྒྱབ་ཡོད་པ་རེད། དགེ་རྒན་གྱིས་ཕྱིར་ཁོ་ལ་སྤྲད་དེ་ཡང་བསྐྱར་འབྲི་དགོས་པའི་རེ་བ་བཏོན། གྲོགས་པོ་ཆུང་ཆུང་གིས་རང་གིས་བྲིས་པའི་ནང་དོན་ལ་ཞིབ་ཏུ་བལྟས་པ་ན། དེར་ནོར་འཆུག་གང་ཡང་མེད།  ཁོས་འབྲི་དེབ་ཁྱེར་ནས་དགེ་རྒན་སར་སོང་སྟེ་སློབ་སྟོན་གནང་དུ་བཅུག

   དགེ་རྒན་གྱིས་ཁོ་ལ"ངས་ཁྱོད་ཚོ་ལ་རང་ཉིད་ཀྱི་རེ་འདུན་འབྲི་རུ་བཅུག་པ་ལས་རྨི་ལམ་ལྟ་བུའི་སྟོང་བསམ་འབྲི་རུ་བཅུག་པ་མིན། ང་ལ་མཁོ་བ་དོན་དངོས་ཀྱི་རེ་འདུན་ཡིན་པ་ལས་དོན་མེད་ཀྱི་འཕྲུལ་སྣང་མིན། ཁྱོད་ཀྱིས་ཤེས་སམ"ཞེས་བཤད།

   གྲོགས་པོ་ཆུང་ཆུང་གིས་གནས་ལུགས་དྲངས་ནས"འོན་ཀྱང་། དགེ་རྒན་ལགས་འདི་ངའི་རེ་འདུན་ངོ་མ་ཡིན"ཞེས་བཤད།

   དགེ་རྒན་གྱིས་ཀྱང་རྒྱུན་མཐུད་ནས"མི་ཆོག  དེ་མངོན་འགྱུར་འབྱུང་མི་སྲིད། དེ་ནི་སྟོང་བསམ་འབའ་ཞིག་ལས་མ་འདས། ཁྱོད་ཀྱིས་ངེས་པར་ཡང་བསྐྱར་བྲི་དགོས"ཞེས་བཤད།

   གྲོགས་པོ་ཆུང་ཆུང་དེ་ཅི་བྱ་བརྟོལ་མེད་དུ་གྱུར་ཏེ"ང་ལ་ཧ་ཅང་གསལ། འདི་ནི་ངའི་འདོད་པ་ངོ་མ་དེ་ཡིན། ངས་རང་གི་རེ་འདུན་གྱི་ནང་དོན་བསྒྱུར་མི་འདོད"ཟེར།

   དགེ་རྒན་གྱིས་མགོ་གཡུག་ཞོར་དུ"གལ་ཏེ་ཡང་བསྐྱར་མི་འབྲི་ན་ངས་ཁྱོད་ལ་རྒྱུགས་ཚད་ལོན་དུ་མི་འཇུག  རང་གིས་འདང་གསལ་བོར་རྒྱོབས"ཟེར།

  གྲོགས་པོ་ཆུང་ཆུང་གིས་ཀྱང་མགོ་གཡུག་ཞོར་དུ་ཡང་བསྐྱར་འབྲི་མ་འདོད་ལ། རྩོམ་དེར་ཡང"E"ཆེན་པོ་ཞིག་འཐོབ།

   དེ་ནས་ལོ་ངོ་སུམ་ཅུའི་རྗེས་སུ། དགེ་རྒན་འདིས་སློབ་ཕྲུག་སྐོར་ཞིག་ཁྲིད་ནས་མཛེས་ལྗོངས་ལྟ་ན་སྡུག་པའི་སྤྲོ་གསེང་གླིང་ག་གྲགས་ཅན་ཞིག་ཏུ་ལྗོངས་རྒྱུ་ལ་སོང་། མུ་མཐའ་མེད་པའི་རྩྭ་ཐང་དང་དྲོ་སྐྱིད་ཀྱི་འདུག་གནས། དྲི་ཞིམ་ཕྱོགས་བཞིར་ཁྱབ་པའི་བསྲེག་ཤ་སོགས་ལ་ཅི་དགར་ལོངས་སྤྱོད་བྱེད་དུས།ཁོས་དར་མ་ཞིག་རང་གི་ཕྱོགས་སུ་ཡོང་གིན་པ་མཐོང་པར་མ་ཟད་དེས་སྔོན་ཆད་ཁོང་གི་སློབ་མ་ཡིན་པར་བཤད། དར་མ་དེས་རང་གི་དགེ་རྒན་ལ་ཁོ་ནི་ལོ་དེར་རྩོམ་ཡིག་གི་རྒྱུགས་ཚད་མ་ལོན་པའི་ཡ་ཧུ་དཱ་པ་བའི་སློབ་མ་དེ་ཡིན་ཞིང་། ད་ལྟ། རང་ལ་རྒྱ་ཆེ་བའི་སྤྲོ་སྐྱིད་གཞིས་ཀ་འདི་ཡོད་ལ། བྱིས་དུས་ཀྱི་ཕུགས་བསམ་དངོས་སུ་མངོན་གྱུར་བྱུང་ཞེས་བཤད། དགེ་རྒན་གྱིས་གཞིས་ཀའི་བདག་པོ་འདིར་བལྟས་ཏེ། རང་གིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཕུགས་བསམ་གླེང་མ་ཕོད་པའི་དགེ་རྒན་གྱི་འཚོ་བ་བསམ་བཞིན་ན་རེ"ལོ་ངོ་སུམ་ཅུའི་རིང་ལ་ངས་རང་ཉིད་ཁོ་ན་བསམ་ནས་སྐར་འབྲས་ཀྱིས་སློབ་མ་ཇི་འདྲ་མང་པོ་ཞིག་གི་ཕུགས་བསམ་བསྒྱུར་ཟིན་པ་ཤེས་ཐབས་བྲལ། འོན་ཀྱང་ཁྱོད་ནི་རང་གི་རེ་འདུན་ལ་འགྱུར་བ་མེད་པར་གནས་པ་གཅིག་པུ་རེད"ཅེས་དབུགས་རིང་འབྱིན་ཞོར་བཤད།

  《ཐ་མུ་ཌི》རུ་སུ་ལའང་ཁྱོད་ཀྱི་ཕུགས་བསམ་བརྐུ་རུ་མ་འཇུག  རྒྱུ་མཚན་ནི་ཁྱོད་གཅིག་པུ་ལ་ད་གཟོད་རང་གི་ཕུགས་འདུན་ལ་གཏམ་བཤད་པའི་དབང་ཆ་ཡོད། ཁྱོད་ཀྱིས་དེའི་རྗེས་བསྙེག་འོས་སྙམ་དུས་དེ་མངོན་འགྱུར་བྱ་འོས་ལ་དེར་འབྲེལ་གྱི་དོན་སྙིང་ཡོད་པ་ཡིན། ད་དུང་དངོན་སུམ་ལ་རང་གི་ཕུགས་འདུན་བསྒྱུར་དུ་མ་འཇུག དཀའ་ཁག་ལ་འཛེམ་ནས་རེ་བ་སྐྱུར་མི་རུང་། འབད་བརྩོན་བྱས་ཀྱང་ཕུགས་འདུན་མངོན་འགྱུར་བྱེད་མ་ཐུབ་པའི་མི་ནི་ཕམ་སོང་བ་གཏན་ནས་མིན། རྒྱུ་མཚན་ནི་ཁོའི་སེམས་གཏིང་གི་རྒྱུན་འཁྱུངས་དེས་ཁོ་ལ་དེ་ལས་ལྷག་པའི་བརྩི་བཀུར་ཐོབ་ཏུ་བཅུག་ཡོད།།






རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།


宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章