གབ་ནས་མོག་པོར་གྱུར་པའི་མཛེས་པ། སྟོབས་ལྡན།

文摘   2024-10-17 16:38   青海  

  
















       

གབ་ནས་མོག་པོར་གྱུར་པའི་མཛེས་པ།

-- སྙན་ངག་《བརྩེ་དུང་གི་བུ་ལོན་》གྱི་དཔྱད་ཕྲན།

       སྟོབས་ལྡན།

སྤྱིར་གཉུག་མར་གནས་པའི་མཛེས་པ་དག་བསྐལ་དོན་ལྐོག་གྱུར་ཞིག་ཏུ་གྱུར་ལ། བྱེ་བྲག་སྙན་ངག་འདིས་བཤམ་པའི་མཛེས་པ་རྣམས་ནི་གབ་སྦས་གཏིང་བཏུམ་དུ་སྒྱུར་ཡོད་དེ། བརྩེ་དུང་གི་བུ་ལོན་དེ་ཡང་སུས་ཀྱང་རྟོགས་མི་ཐུབ་པའི་སྟོང་སྣང་ཞིག་གི་ཁྲོད་དུ་དྲངས་ནས་ཡོད་པས་སོ། །སྙན་རྩོམ་འདི་མགོ་བརྩམས་མ་ཐག་ཏུ་དོ་ནུབ་ང་རང་གཅིག་པུར་ཟླ་འོད་འོག་ཏུ་ཁྲིད་སོང་ཞེས་པའི་སྐད་ཆ་དུམ་བུ་འདིས་བརྩེ་དུང་གི་བུ་ལོན་འགྲེལ་བཤད་བསྐྱོན་རྒྱུ་མ་ཡིན་པར། ཇི་ལྟར་གབ་སྦས་དང་སྦས་དོན་དུ་འགྱུར་རྒྱུ་དེ་དམིགས་གནད་དུ་བཟུང་ཡོད་པར་སྣང་། སྙན་ངག་ཁྲོད་ཀྱི་མཛེས་པ་མཐའ་དག་ནི་ཆུ་ངོས་སུ་དབྱིངས་བའི་ལོ་མ་སྔོ་ནག་དང་གསལ་ལ་མོག་པའི་ཟླ་འོད་ཀྱི་ཀློང་ནས་སུ་དང་གང་ཡིན་མི་གསལ་བའི་བརྩེ་དུང་གི་བུ་ལོན་དེ་ཅི་ཡང་མ་ཡིན་པའི་ང་རང་གཅིག་པུར་འཐོབ་དང་མི་འཐོབ་པའི་འདྲིས་ཆ་ཙམ་ཡང་མེད། མིའི་འདོད་རྔམ་ལ་ཅི་ཞིག་ཡིན་པར་རྟོགས་དགོས་པ་དང་གང་ཞིག་ཡིན་ཡིན་པར་གསལ་དགོས་པ་ལྟ་བུ་ཡོད་ཀྱང་། རྟོག་པའི་ཁམས་སུ་རྒྱ་ཁྱབ་ཏུ་འབྱམས་པའི་བརྩེ་དུང་གི་བུ་ལོན་དེ་ཚིག་རིས་གང་གིས་མཚོན་མ་ནུས་པར་གབ་པ་དང་སྦས་པའི་ཟོལ་གྱིས་སྙན་ངག་པའི་རྟོག་བློའི་ཁམས་སུ་གནས་པའི་འདུ་ཤེས་དེ་བརྩེ་དུང་གི་བུ་ལོན་དང་། བརྩེ་དུང་གི་བུ་ལོན་དེ་འདུ་ཤེས་དེའི་གཟུགས་རིས་སུ་ཕབ་ཡོད་ལ།  བརྩེ་དུང་ཟེར་བ་འདི་ལྐུགས་པས་བུ་རམ་ཟོས་པ་ལྟར་གདོད་མ་ནས་སྨྲ་བསམ་བརྗོད་འདས་ཤིག་ཡིན་པས། སུས་མཚན་ཉིད་འཇོག་པ་དང་། གཏན་ལ་འབེབས་པ་སོགས་སྙན་ངག་གི་ཁམས་ལ་མི་སྲིད་ལ། བུ་ལོན་ཡང་སྙན་ངག་གི་འཇིག་རྟེན་དུ་ཚད་གཞི་དང་གཏན་འབེབས་ཤིག་མེད། མ་གཞིར་ཉིང་འདུས་ཀྱི་སྐད་ཆ་ཉུང་ངུས་ཚོར་བས་བརླན་པའི་ཡི་གེ་འབྲུ་དག་འདྲུད་དེ་གབ་སྦས་ཀྱི་ཡུལ་དང་ཡུལ་ཅན་གྱི་ས་གནམ་འདྲེས་པར་འགྱུར་བ་ནི་སྙན་ངག་གི་ལས་ཁོ་ནར་སྣང་། མདོར་ན། ཐོག་མའི་གསལ་ལ་སྒྲིབ་པའི་བརྩེ་དུང་གི་བུ་ལོན་དེ་གསལ་ཙམ་དང་སྒྲིབ་ཙམ་གྱི་ཟླ་འོད་ལ་ཐིམ། བར་དུ་ཚོན་མདངས་དང་རྣམ་གཞག་ཀུན་བྲལ་གྱི་བརྩེ་བ་དང་བུ་ལོན་ཡང་ཅི་ཞིག་ཡིན་པ་གསལ་བཤད་མ་བྱས་པར་ཡོད་མེད་གང་དུ་མི་ཚོར་བའི་མཁའ་ནས་བཀྱག  གསལ་དང་སྒྲིབ་པ། དག་དང་མ་དག ཡོད་དང་མེད་སོགས་འགལ་བའི་ཆོས་རྣམས་ཟུང་དུ་འཇུག་པའི་ཐབས་རྩལ་ལ་བརྟེན་ནས་སྙན་ངག་པའི་རྟོག་ཁམས་ན་འབྱམས་ཤིང་མཆེད་པའི་བརྩེ་བ་དང་བུ་ལོན་གང་ཡིན་ཡང་རྗོད་བྱེད་ཚིག་འབྲུ་གང་གིས་མཚོན་པར་མ་ནུས་པའི་གདུང་ཡུས་དེ་གབ་པ་དང་སྦས་པའི་ངག་ལ་དྲངས་ནས་ཉུང་འདུས་སྐད་ཆའི་རྩལ་ཞིག་ངོམ་ནས་ཡོད་དོ། །སྤྱིར་ན་སྙན་ངག་ཐེ་བའི་སྒྱུ་རྩལ་རིགས་ནི་དངོས་ཡོད་ཀྱི་འཚོ་བ་ལྟ་བུ་མ་ཡིན་པར་འདུ་ཤེས་ཀྱི་སྟེང་ན་འཚོ་བ་ཡིན་པས་ཀ་བ་དང་བུམ་པ་ལྟར་གདོས་གཟུགས་སུ་གྲུབ་པ་མ་ཡིན་ཡང་། ཚོར་བའི་བར་སྟོང་གིས་བརྒྱངས་པའི་རྟོག་བཏགས་ཀྱི་མཛེས་དཔྱོད་མཐའ་མེད་ཅིག་ཡིན་ལ། དེ་ཡི་མཛེས་པ་ངོ་མཚར་ཅན་གྱིས་སྒྱུ་རྩལ་གྱི་བློ་སྦྱོང་ཟབ་པའི་ཤེས་རབ་ཅན་དག་ལ་འཛད་མཐའ་མེད་པའི་ཟག་མེད་ཀྱི་བདེ་ཚོར་སྟེར་གྱིན་ཡོད།

དེ་བཞིན་དུ་སྙན་ངག་འདི་ཡི་མཛེས་པ་དང་བདེན་པ་ནི་གབ་པ་དང་མོག་པའི་སྟེང་དུ་ཡོད་དེ། སྒྱུ་རྩལ་གྱི་མཚོན་ཐབས་ཅི་ཞིག་ཡིན་ཡང་བསྟན་དོན་དང་བརྗོད་སྙིང་དག་རྗོད་བྱེད་དང་བརྗོད་ཚུལ་བརྗོད་བྱ་རྣམས་ཀྱིས་རེ་རེ་བཞིན་དུ་སྦས་ནས་ཡོད་པས་སོ། །སྤྱིར་སྲོལ་རྒྱུན་གྱི་སྙན་ངག་ལས་ཚིག་སྡུད་ཅེས་པའི་རྣམ་གཞག་ཅིག་ཡོང་གིན་ཡོད་ལ། དེ་ནི་བརྗིད་པའི་ཉམས་ཀྱི་མཛེས་པ་རུ་བཀྲལ་ནས་ཡོད་དེ། མེ་ལོང་མ་ལས། བརྗིད་པ་ཚིག་སྡུད་མང་བ་སྟེ། །འདི་དག་ལྷུག་པ་དག་གི་གསོས། །ཞེས་གསུངས་པས་སོ། །སྙན་ངག་འདི་ལ་ཡང་སྙན་ངག་གི་རྗོད་བྱེད་ཀྱི་ཐབས་རྩལ་དེ་སྤྱད་ནས་མཛེས་དཔྱོད་ཀྱི་ངོར་བརྗོད་སྙིང་འབུར་ཚུགས་ཅན་དུ་བསྒྱུར་རྒྱུ་མ་ཡིན་པར་གསལ་ལ་མོག་པའི་ཟླ་འོད་བཞིན་དུ་ཅི་ཞིག་ཡོད་ལ་གང་ཞིག་མཐོང་མི་ཐུབ་པའི་རྗོད་བྱེད་ཚིག་སྡུད་ཀྱིས་བསྡུས་པས་སོ། །དེ་བཞིན་དུ་ནམ་མཁའི་སྐར་མ་དང་མེ་ཏོག་བསྡུར་བ་དང་། བརྩེ་དུང་དང་སྣང་བ་མཐུད་པ། ངའི་ལག་པས་ཅི་ཞིག་འཛིན་འདོད་པ་སོགས་འབྲེལ་མེད་དོན་གཞན་ལྟ་བུའི་སྙན་ངག་གི་སྐད་ཆས་བརྩེ་དུང་གི་བུ་ལོན་དེ་སྒྲིག་གཞི་དང་གཏན་ཚིགས་ལས་འདས་པའི་བདེན་པ་ཞིག་གི་ཀློང་དུ་བསྐྱལ་ཞིང་། ངའི་འཇིག་རྟེན་ཕྱི་དཀྲུག་ནང་དཀྲུག་ཅིག་བྱས་སོང་སྙམ་པའི་འཕྲུལ་སྣང་རབ་རིབ་ཅིག་འཆར་བར་བྱས། ཅི་ཡང་རྙེད་པ་མེད་པའི་འཇིག་རྟེན་སྐྱ་བོ་མཐོང་ན་ཞེས་རྗོད་པའི་ཚིག་ལས་འདས་པའི་ཆོས་ཉིད་ཀྱི་བདེན་པ་དེ་ཡང་སྨྲར་མ་བཏུབ་ནས། ཤུལ་བཞག །སྟོན་མཇུག །རི་ཚོགས་རྣམས་སྦྲེལ། ཅི་ཡང་མ་འཆར་བའི་ངའི་མིག་ཟུང་དེ་བཙུམ་པར་སྣང་ངོ་། །

དེ་ནས་འཕྱོ་ལྡིང་གི་རྩལ་ལ་བརྟེན་ནས་སྡིག་པ་དང་ཉེས་དམིགས། དོ་ནུབ་དང་ཟླ་འོད། བརྩེ་བ་དང་བུ་ལོན། ཟེགས་མ་དང་རྒྱ་མཚོ་བཅས་འབྲེལ་དང་མ་འབྲེལ། གཅིག་དང་ཐ་དད། འགལ་འབྲེལ་བའི་ཐག་སྣེ་ལ་བཏགས་ནས། ཆད། ཤར། འཚེར། འདོད། དབང་བཅས་ཀྱི་བྱ་ཚིག་གིས་བསླས་པའི་འཇིག་རྟེན་དེ་ང་ངུས་ན་མི་ཕན་པའི་འཁོར་བ་ཞིག་ཏུ་བཏང་། གབ་སྦས་ཀྱི་གཏིང་མཐའ་བྲལ་བའི་རྒྱ་མཚོའི་ཀློང་དུའང་བརྐྱལ། སྙན་ངག་འདི་ཡི་མཛེས་པ་གཙོ་བོ་ནི་གབ་པ་དང་སྦས་པའི་ཀློང་དུ་འཆེལ་འདུག་རྐྱེན་རགས་ཙམ་གླེང་བ་ལགས་ལ། དེ་མིན་སྒྱུ་རྩལ་དང་མཚོན་ཐབས་ཆ་གཞན་རྣམས་ཟུར་དུ་མ་སྨོས་པ་ཡིན། 










ཟུར་བཀོད། བརྩེ་དུང་གི་བུ་ལོན།
          བཙན་ཁ་ཤོར།

དོ་ནུབ་ང་རང་གཅིག་པུ་ཟླ་འོད་དུ་ཁྲིད་སོང་།

ནམ་མཁའི་སྐར་མ་ཡོད་ཚད་ནི།

མེ་ཏོག་དང་འདྲ་བོ་འདྲ་བོ་ཞིག་རེད།

བརྩེ་དུང་གི་སྣང་བ་ཡིད་ཀྱི་ཟབ་སར་ལྷུང་དུས།

ངའི་ལག་པས་ཁྱེད་རང་འཛིན་ན་འདོད།

ངའི་འཇིག་རྟེན་ཕྱི་དཀྲུག་ནང་དཀྲུག་འདི་སུ་ཡིས་བྱས།


ཅི་ཡང་རྙེད་པ་མེད་པའི་འཇིག་རྟེན་འདི་མཐོང་ན།

ཁྱེད་ཀྱིས་ཤུལ་དུ་བཞག་པ་ནི།

ན་ནིང་གི་དོན་མཇུག་སྐྱ་བོ་ཡིན་ནམ།

རྒྱང་རིང་གི་རི་ཚོགས་རྣམས་སེམས་པ་སྨྲེང་ནས་ཡོད་ལ།

བོར་མ་མྱོང་པ་ཞིག་རུམ་ནས་ཡལ།

ངའི་མིག་ཟུང་བཙུམས་ཏེ་ཁྱེད་རང་ལ་ཕྱིར་དྲན་བྱས།


དོ་ནུབ་འདི་ལྟར་བསམ་ན་ང་ཡིས་སུ་ཞིག་ལ།

བརྩེ་དུང་གཙང་མའི་བུ་ལོན་ཆད

སྡིག་པ་དང་ཉེས་དམིགས་མིག་ལ་ཤར་ན།

ཟླ་འོད་ཀྱི་ཟེགས་མ་ནི་རྒྱ་མཚོའི་སྟེང་དུ་ཚེར་འདུག

ང་མཚོ་དེའི་ནང་དུ་འགྲོ་ན་འདོད།

ང་ངུས་ཀྱང་མི་ཕན་པའི་འཁོར་བ་འདི་སུ་ལ་དབང་།




                སྒྲ་ལྡན་གྱི་ལེ་ཚན།


                     སྒྲ་ལྡན་ལེ་ཚན།            

བརྡ་སྤྲོད།  སྒྲ་ཆ་ཚང་།  འཆད་མཁན།  ཁམས་རང་སྒྲུབ།

ཚིག་རྒྱན་རིག་པའི་སྒྲ་ཆ་ཚང་།  བཤད་མཁན།  སྟོབས་ལྡན།

   རྩོམ་རིག་གི་གསང་གནད་བདུན།  བཙན་ཁ་ཤོར།   

རིག་གནས། ཕུགས་བསམ། ཧུར་བརྩོན། སྟོབས་ལྡན་གྱིས་བཤད།

དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གསུང་གླེང་། དགེན་ཆོས་བཟང་།  

གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར།  宽阔文化服务公司

ལྷ་རིས་པའི་མཚན་ཉིད་དང་དེའི་སྒྱུ་རྩལ་གནས་བབས་གླེང་བ།

བྱ་བཞག་ལེགས་འགྲུབ་ཇི་ལྟར་བྱ་རྒྱུ།  དགེན་ཆོས་བཟང་གིས་གསུངས།  

འཛམ་གླིང་ཉེ་རབས་ལོ་རྒྱུས་ལས་སུའུ་ལེན་དང་ཨུ་རུ་སི་གླེང་བ། 

བོད་སྔ་རབས་ཀྱི་མི་ཆོས་བསམ་ཡོན་གླེང་བ།   དགེན་བེ་དུང་གིས་བཤད།

སྐུ་ཞབས་ཞོགས་དུང་གི་སྲས་མོ་ཡེ་ཤེས་མཚོ་མོའི་ལས་གཏོད་ཀྱི་ལམ་བུ།

དཔེ་གཟུགས་ང་གཉིས་མ། ཆ་ཚང་། བཙན་ཁ་ཤོར།

མཁས་དབང་བསམ་གཏན་རྣམ་རྒྱལ་གྱི་གསུང་གསར། བརྡ་སྤྲོད་ཀྱི་དགེ་མཚན།

འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ། ཨ་ཆེན་མཚོ། 牧区女孩的艺术之路  阿青措






རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།



宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章