ལྷ་སྐྱིད་ཀྱི་བརྩམས་ཆོས་ཕྱོགས་བསྡུས།
བརྩེ་བའི་མ་ཡུམ།
ངའི་ཨ་མ་ནི་ལོ་ཟླའི་འཁོར་བསྐྱོད་དང་འགྲོགས་ནས་ལང་ཚོའི་མྱུ་གུ་ཁྱིམ་གཞིས་ཀྱི་སླད་དུ་རྫོགས་ཤིང་བུ་ཕྲུག་གི་དོན་དུ་ཟད། བྱམས་བརྩེའི་འོད་ཟེར་གྱི་གུར་ཁྱིམ་བུ་ཕྲུག་གི་དོན་དུ་འབུལ་མཁན་གྱི་རླབས་ཆེ་བའི་བདག་སེམས་ཀྱི་སྒྲོན་མེ་དེ་ཡིན། ང་རང་ཆུང་དུས་ནས་བཟུང་ཁྱིམ་ཚང་གིས་གཅེས་ཤོར་ལ་བཏང་དྲགས་པས་ངན་ལང་གི་གཤིས་སྤྱོད་ཧ་ཅང་མཁྲེགས་ཆེ། ཨ་མ་དང་མཉམ་དུ་སོས་དལ་བག་ཡངས་ངང་སེམས་གཏམ་མང་པོ་ཞིག་ཀྱང་བརྗོད་མ་མྱོང་བ་འདྲ། རེ་སྨོན་དང་ཞེན་ཆགས་བུ་ཕྲུག་གི་ཕྱོགས་སུ་འཁྲེང་ཞིང། དཀའ་སྡུག་དང་སེམས་ཚེགས་ཡོད་ཚད་རང་ཉིད་ཀྱི་ཕྲག་འགོར་བླངས་ནས་ནངས་སྔ་ལངས་དང་ནུབ་ཕྱི་ཉལ་གྱི་རྣམ་པ་དེ་དྲན་ན། སྨྲ་བརྗོད་ལས་འདས་པའི་དྲན་གདུང་འགོག་མེད་གཅིག་ངམ་ངམ་ཤུགས་ཀྱིས་སྐྱེ་ནས་འོངས།
ང་ཚོས་མི་མང་པོ་ཞིག་ལ་བཀའ་དྲིན་དང་ཐུགས་རྗེ་ཞུས་མྱོང་མོད། འོན་ཀྱང་། སེན་རྩ་རྣག་དང་སེན་སྣེ་ཁྲག་གིས་ཁྱིམ་གཞིས་དང་བུ་ཕྲུག་གི་དོན་དུ་འབད་འབུང་བྱེད་མཁན་དང་། རི་བོའི་གཏོས་དང་ཉམས་པའི་རྣམ་དག་ལྷད་མེད་ཀྱི་བརྩེ་བ་མང་པོ་ཞིག་སྟེར་མྱོང་མཁན་གྱི་ཨ་མ་ལ། ངག་འཇམ་གྱི་སྒོ་ནས་བཀའ་དྲིན་ཆེ་ཞེས་ཀྱང་བརྗོད་མ་མྱོང་བ་འདྲ།
༢༠༢༣ ༡ ༡༨
དགེ་རྒན་དུས་ཆེན་ལ་ཕུལ།
དགེ་རྒན་ལགས། ཁྱེད་ནི་སློབ་བུ་ཚོའི་ཤེས་རིག་གི་བཀག་རྒྱ་གཏོར་བའི་ལྡེ་མིག་དང་། མ་རིག་མུན་པ་སེལ་བའི་ལམ་སྟོན་གྱི་སྒྲོན་མེ་ཡིན། ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་དཀར་པོ་ཡིས། ང་ཚོའི་མདུན་ལམ་ལ་རེ་བ་དང་འོད་སྣང་བསྐྲུན། ང་ཚོའི་སེམས་རྒྱུད་ལ་ཤེས་རིག་གི་མྱུ་གུ་འབུས་སུ་བཅུག ཁྱེད་ཀྱིས་རང་ཉིད་ཀྱི་ཡོད་ཚད་འོད་སྣང་ལ་བསྟིམས་ནས་གཞན་དོན་དུ་ཕུལ་བས། ང་ཚོའི་མ་རིག་མུན་པའི་སེམས་ཁོང་ལ་དཀར་གསལ་གྱི་འོད་སྣང་འབྱིན་ཞིང་རྣམ་དཔྱོད་ཀྱི་ཁོ་ལག་རྫོགས།
དགེ་རྒན་ལགས ཁྱེད་ཀྱིས་བརྩོན་འགྲུས་ཀྱི་རྟ་ཕོ་ལ་སྒྲོག་གིས་མ་བཅིངས་བར་ཡར་སྐུལ་གྱི་ལྷག་བསམ་གྱིས་ང་ཚོ་ལ་ཤེས་རིག་གི་ནུ་ཞོ་བླུད་པས། ང་ཚོ་ལ་སྔར་ལས་ལྷག་པའི་ལྡོག་མེད་ཀྱི་བརྩོན་སེམས་ཤིག་སྐྱེས་སུ་བཅུག
དགེ་རྒན་ལགས། ང་ཚོ་བགྲོད་པའི་ལམ་ཐག་རིང་ལ། འཕུར་དགོས་པའི་དབྱིངས་རིམ་མཐོ་བས། ཁྱེད་ཀྱིས་ང་ཚོ་ལ་མུ་མཐུད་དུ་ཤེས་བྱའི་དངོས་གྲུབ་སྩོལ་དང་། ང་ཚོའང་བྱ་རྒྱལ་རྒོད་པོ་བཞིན་མཁའ་དབྱིངས་ནས་ཐོགས་པ་མེད་པར་འཕུར་ན་འདོད་ལ། གསར་སྐྱེས་ཀྱི་མེ་ཏོག་ཇི་བཞིན་བཟོ་བོ་སྟོང་གིས་བཏགས་པའི་བལ་གདན་སྔོན་མོ་ཞིག་གི་སྟེང་ནས་ཕྲ་ལམ་མེར་བཞད་ན་འདོད།
དགེ་རྒན་ལགས། རྟོག་འཆར་གྱི་འཇིག་རྟེན་འདི་རུ་ཁྱེད་ཀྱིས་གཞན་ཕན་གྱི་ལྷག་བསམ་རྙེད་པ་ནས་བཟུང་སྟེ། མི་རིགས་ཤིག་གི་མ་འོངས་པའི་དར་རྒུད་ཀྱི་ཆེད་དུ་དཀའ་སྡུག་ཅི་ལ་ཡང་མི་འཛེམ་པར། ནམ་ཡང་ནག་པང་གི་འགྲམ་ནས་ཀྲོང་ངེར་བཞེངས་ནས། ལྟ་རྒྱ་དང་མཐོང་རྒྱ་མེད་པའི་སློབ་བུ་ཚོའི་མ་འོངས་པའི་དམིགས་བྱ་ལ་མཛུབ་སྟོན་བྱས། ལྷད་མེད་དྭངས་གཙང་གི་མྱུ་གུ་སེམས་ལ་འབུས་སུ་འཇུག་པའི་དོན་དུ། དུས་ཀྱི་འགྱུར་བག་རྒོད་པོའི་ཁུགས་སོ་ནས་ཉམ་ཐག་རྐང་བཞིའི་རྫི་བོ་ཇི་བཞིན་ཚ་གྲང་སེར་གསུམ་གྱི་སྡུག་བསྔལ་ཐོད་ལ་བཅིངས་པའི་དགེ་རྒན་ལགས། གལ་ཏེ་ང་ལ་དུང་སེམས་ཀྱི་བརྩེ་བ་བརྟན་པའི་རྩོམ་འབྲིའི་ནུས་པ་ཞིག་ལྡན་ཚེ། ངས་ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་དང་དྲང་བདེན་ལ་བརྗོད་མི་ཚར་བའི་བསྟོད་རྩོམ་རིང་མོ་ཞིག་འབྲི་ངེས་ཡིན།
༢༠༢༢..༩.༡༠
ཚོར་བ་གསོན་པོ་ཞིག
ངས་མང་པོ་ཞིག་རྒྱབ་ཏུ་བསྐྱུར་ཏེ་མ་སོང་བའི་ནུབ་མོ་དེར།གནས་གཞན་ཞིག་ཏུ་འགྲོ་འདོད་ཤིན་ཏུ་ཆེ་བས་གནང་བ་མཛོད་ཅིག་ཀྱེ། ཨ་མྱེ་དང་ཨ་མ་གཉིས་ང་ལ་ཐུགས་བརྩེ་ཤིན་ཏུ་ཆེ་བས་ས་ཆ་གཞན་དུ་གཏོང་མི་འདོད་པའི་སྣང་ཚུལ་ཞིག་སྟོན་བཞིན། ས་ཆ་གཞན་ནས་རང་ལ་བདག་སྐྱོང་བྱོས་དང་ཞེས་ཁ་ཏ་སྐུལ་ལྕག་མང་དུ་གནངས། ང་གཞི་ནས་བུད་སོང་བའི་ནངས་མོ་དེར། ངས་མང་པོ་ཞིག་གི་སེམས་སུ་མི་སྐྱིད་པ་བཟོས་ཤིང་སེམས་པའི་ནང་དུ་ཆུ་འཁྱག་བླུགས་པ་ལྟ་བུའི་ཚོར་བ་ཅིག་ཡོད་པ་ཤེས་ཡོད། ཡང་གཞན་དང་གཞན་གྱིས་ང་ལ་ཤ་ཚ་དང་ཐུགས་ཚེགས་གནང་གྱིན་པའང་ཚོར་ཡོད། གང་ལྟར་ནའང་། ང་དེ་ལྟར་འགྲོ་དུས། ངས་གཞི་ནས་འཇིག་རྟེན་འདིའི་སྟེང་དུ་ཆེས་ཡིད་འོང་གི་ནང་མི་དང་གཉེན་བཤེས། གྲོགས་དགའ་མཛའ་སོགས་དང་བཤིབས་ཏེ་གཏན་དུ་སྡོད་དབང་མེད་པ་ཤེས་བྱུང་། སྐྱེས་ནས་ད་ལྟའི་བར་དུ་འགྲོགས་པའི་བརྩེ་བའི་ཕ་མ་ཡིན་ནའང་། མཇུག་མཐར་བློས་མི་ཐོང་བཞིན་དུ་འབྲལ་དགོས་པ་ནི་ཆོས་ཉིད་ཅིག་ཏུ་གྲུབ།
ངས་འོད་ཀྱི་ཟེགས་མ་ཆུང་ངུ་ཞིག་གི་ནང་དུ་ཡང་འཆར་ཐུབ་པའི་རང་གི་གྲིབ་མ་དང་མཉམ་དུ།སླར་ཡང་ཁེར་རྐྱང་གི་རྡོག་ལམ་མནན་ཏེ། གོམ་པ་ཤུགས་ཀྱིས་ཕར་ལ་སྤོ་དུས་སུ་སེམས་པ་ཤིན་ཏུ་སྨྲེང་བྱུང་། མཐར་དེད་ན་ཐག་རིང་ཞེས་པ་ནི་གང་ཞིག་ཡིན་ནམ། ང་ལ་གསལ་ཆ་མི་འདུག ཕན་ཚུན་ལ་ནང་སེམས་ཀྱི་སྐད་ཆའི་བརྡ་རྟགས་འཕྲོད་ཐུབ་པའི་དུས་དེར། སོ་སོའི་ཁ་ཐག་རིང་ཙམ་བྱུང་བས་ཞལ་མཇལ་ཁག་པོ་ཡིན་ནའང་། དེའི་མིང་ལ་ཐག་རིང་ཟེར་མི་དགོས་པ་འདྲ། ཕན་ཚུན་གྱི་སྐད་བརྡ་འཕྲོད་པས་སེམས་པ་སྟོང་ལྷང་ངེར་མི་འདུག་མོད། ངའི་སེམས་པ་སྨྲེང་དོན་ནི། ཉིན་ཞིག་ལ་ང་རང་ཕྱིར་ལོག་པའི་ཚེ་ན། སྔོན་མ་དང་མི་འདྲ་བར་ང་ཚོའི་བརྩེ་བ་ལ་གས་ཆགས་ཤོར་ཨེ་འགྲོ་སྙམ་པའི་ཡིད་གདུངས་མང་ཙམ་བྱུང་། དེ་ཡིན་ནའང་། ངའི་ཡིད་གདུང་དེ་དག་སུ་ལའང་ཞུ་ཐུབ་མ་བྱུང་།
ང་ལ་མཚོན་ན་ཤིན་ཏུ་མི་སྐྱིད་པའི་དུས་ཚོད་ཀྱི་ཀློང་དུ་ཁེར་རྐྱང་ངང་ལྷག་དུས། གནས་འདི་རུ་འདུག་མི་འདོད་པའི་སྣང་བ་མཛོད་གཅིག་སྐྱེ་ནས། རང་ཡུལ་ལ་ལོག་འདོད་ཤིན་ཏུ་ཆེ། འོན་ཀྱང་དྲན་པའི་གདུང་བ་དང་ན་ཟུག་དེ་དག་ངས་ཁྱེད་ཚོ་ལ་ཞུ་མ་ཕོད་པར་རང་ཉིད་གཅིག་པུའི་སེམས་སུ་བཀྱིགས། འདི་ལྟར་ཟླ་གྲངས་མང་པོ་ཞིག་འདས་སོང་། སྐབས་དེར་ངས་ཤིན་ཏུ་འཁྱག་པའི་ལག་ཟུང་སྟོང་བའི་ངོས་སུ་བསྲིངས་ཏེ་འཐམ་འཁྱུད་ཅིག་བྱས་པ་ཡིན། ཁྱེད་ཚོའི་ང་ལ་དྲང་མོར་ཤོད་དང་། བར་ཐག་ནི་མཛེས་སྡུག་ཅིག་ཨེ་རེད།
༢༠༢༢/༦/༣༠
བྱིས་དུས་ཀྱི་མཚན་མོ་ཞིག
ངའི་བྱིས་དུས་ཀྱི་ཕྱིར་དྲན་ཁྲོད་དུ། ཕྲུ་གུའི་དུས་ཀྱི་མཚན་མོ་ནི་གློག་འོད་མག་མོག་དེའི་འོག་ནས་བསྐྱལ་བ་ཡིན། འོན་ཀྱང་དགོང་མོ་དེའི་གློག་འོད་ནི་ཧ་ཅང་གསལ་ལ། གློག་འོད་ཀྱི་འོག་ཏུ་ངེད་བཟའ་མི་གང་བོའི་ནུབ་ཟས་ལ་རོལ་ནས་བསྡད།
མཚན་མོ་དེར། ངེད་ཚང་གི་སྦྲ་གུར་ནང་ནས་མཆེད་པའི་དགོད་སྒྲ་དེ་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། མཚམས་མཚམས་སུ་ཁྱི་སྐད་རེ་གཉིས་ལྷིང་འཇགས་ཀྱི་ཁོར་ཡུག་ཏུ་གྲགས་ཡོང་ལ། ཤང་ཤང་དུ་བཞུར་བའི་འགྲམ་ཆུ་དེས་ཀྱང་ཤང་སྒྲ་ཆུང་ངུ་ཞིག་སྒྲོག་བཞིན་མུན་པའི་ཁྲོད་ནས་ལུང་མདོའི་ཕྱོགས་སུ་བཞུར་བཞིན་འདུག ད་དུང་སྦྲ་གུར་ལས་མཆེད་པའི་དགོད་སྒྲ་དེ་ཡང་རི་འདབས་ཀྱི་རྫ་རིའི་འདབས་སུ་ལྷུང་ལྷུང་གྲགས་ཀྱིན་འདུག་པ་འདྲ།
༢༠༢༣...༡༢...༢
ཁྱོད་འགྲོ་ཁར།
ཉིན་དེར
གྱ་གྱུར་འཐེན་པའི་ལམ་ཕྲན་དེ་རུ་
ཁྱེད་དེ་ལྟར་ཐག་རིང་ཞིག་ཏུ་བུད་སོང་
ངས་འུ་ཚོའི་འདས་དོན་ནི་
ཐེག་པར་དཀའ་བ་ཞིག་ཡིན་པ་ཚོར་
ཡིན་ཡང་ཁྱེད་ཀྱི་ཁྲག་རྒྱུན་
ཨ་མའི་ལུས་སྟེང་དུ་བཞུར་གྱིན་འདུག་
དུས་འདུས་ཏེ་གཉུག་མའི་ངོ་བོར་གྱུར་ཡང་
ཨ་མ་ཁོ་ནས་ཁྱེད་རང་བརྗེད་མི་སྲིད།
བློས་མི་ཐོངས་བའི་སྤྱན་ཆབ་དེས་
ང་ཡིས་རེ་དོགས་ཀྱི་འཁང་ར་ཞུས་
འུ་ཐུག་པའི་བཟོ་ལྟ་སྣ་ཚོགས་
འཛེམ་བག་མེད་པར་མེ་ལོང་ནང་དུ་ཤར་
ཕུ་ནུའི་འདང་བརྩེ་གཅིག་པུས་
ཆད་ལ་ཁད་ཀྱིས་མི་ཚེ་ལ་འཕྲོ་མཐུད་
ཕུ་བོ།
འཚོ་བའི་གོ་རིམ་ཁྲོད་དུ་ཁྱེད་ནི་ཉི་ཟླ་ལས་ཀྱང་གསལ།
མཛའ་བརྩེའི་འདངས་ཀྱིས་ང་ཡི་ཙག་དང་བསེར་བུ་ཁོག
༢༠༢༣/༢/༢༦
ཁྱོད་ལ་ཕུལ་བའི་དུང་སེམས།
ཞོགས་པའི་ཉི་གཞོན་གྱི་ཁྲོད་དུ། ཁྱོད་ཀྱི་ཕྱིར་མིག་རིང་དུ་བརྐྱངས་བའི་ལག་ཟུང་མཉེན་མོས། ངས་ཁྱོད་ཕྱོགས་ལ་དྲོད་འཇམ་གྱི་ངར་ཁ་བཏུས་ཏེ། འཛམ་གླིང་ཕྱོགས་བཞིར་ཁྱབ་པའི་འཇིག་རྟེན་གྱི་རི་མོའི་གྲོང་འདིར། ཡང་བསྐྱར་བརྩེ་སེམས་དང་ལྷག་བསམ་གྱིས་སྐྱོང་བའི་ཉི་མ་སེར་པོ་ཞིག་བསྐྲུན།
ཉི་གཞོན་གྱི་ངར་ཁས། རྩྭ་ཐང་ལ་བྲིས་པའི་འཇའ་ཚོན་གོར་མོའི་ངོགས་སུ། རོལ་དབྱངས་ཤིག་གི་སྣེ་མོ་ནས་བརྩེ་བ་དམར་པོ་དང་ཉི་གཞོན་ཆེས་ཆེར་སྦར་ཞིང་། མཚོ་མོ་བཞིན་འཁྱིལ་བའི་སེམས་པ་དམར་པོའི་གསེབ་ནས་ཉི་ཟེར་དང་ལྷན་དུ་ཅེར་བའི་ཟུར་མིག་ཁྲི་སྟོང་ལ་འོད་མདངས་འཁྱུག
ཤུགས་ཀྱིས་བསྣོག་པའི་བརྩེ་སེམས་རེ་རེ་ནི། གཏན་དུ་འཆར་བའི་ཉི་འོད་རེ་རེ། འུ་གཉིས་ཀྱི་མཐུན་ལམ་ཡོད་ཚད་སེམས་པའི་གཏིང་རིམ་ནས་སྟོར་ཞིང་། ཁྱོད་ལ་བཅངས་བའི་བརྩེ་འདང་ཡོད་ཚད་སེམས་ངོགས་ནས་རྒྱུ། ཁྱོད་ནི་སླར་ཡང་ངའི་སྙིང་དབུས་སུ་བཟུང་ཞིང་སེམས་ཀྱི་གཏིང་རིམ་ནས་མྱུལ། དབང་མེད་དུ་ཤོར་བའི་སྡུག་གཏམ་གློ་བུར་དུ་ཞི་རྗེས། ངས་ཞེན་ཆགས་ཤིག་སྟོན་རླུང་ལ་བསྐུར་ནས་ཕྱིར་ཁང་མིག་ཏུ་ལོག
༢༠༢༣..༩..༢༨
ཡོད་ཚད་གུ་ཡངས་ལ་གཏོང་འདོད།
དུས་སྐབས་འདིར་
ངས་རང་ཉིད་ཀྱི་ངོ་གདོང་ལ་བཅེར་ནས་
ཤོར་ཟིན་པའི་བརྩེ་བ་དང་
བོར་ཟིན་པའི་རྨི་ལམ་དག་སེམས་ཀྱི་ངོས་སུ་བཞེངས།
དུས་སྐབས་འདིར་
ངས་འུ་གཉིས་ཞེས་པའི་ཐ་སྙད་ཅིག་
འདས་ཟིན་པའི་ལོ་ཟླའི་རི་མོར་འབྲི་བཞིན་
མ་འོངས་པའི་ལམ་ཁ་དང་
སྙན་ངག་གི་བརྗོད་བྱ་འཚོལ་གྱིན་ཡོད།
དུས་སྐབས་འདིར་
ངས་ཁ་འབྲལ་ཞེས་པའི་ཐ་སྙད་འདི་གླེང་མི་འདོད་
རྒྱུ་མཚན། ཁ་འབྲལ་ཞེས་པ་ནི་
ཅི་ཙམ་མོལ་ཡང་ལྡོག་ཐབས་མེད་པ་ཞིག་རེད།
དུས་སྐབས་འདིར་
ངས་ལས་དབང་གི་བཀོད་སྒྲིག་ལ་ལེ་བདའ་བྱེད་མི་འདོད་
རྒྱུ་མཚན། ད་ནི་རང་སེམས་འདི་དཀར་གཙང་ཞིག་ཏུ་བསྒྱུར་དགོས་ཡོད་ཀྱང་
ཁྱོད་རང་ཞེས་པའི་ཐ་སྙད་ཅིག་ཡིད་ལ་རུམ་སྟེ་
མིག་མདུན་གྱི་ལམ་ཐག་རིང་མོ་ཞིག་ཀྱང་བརྒལ་དགོས་ཡོད་པས་ཡིན།
༢༠༢༤..༨..༡༡
ཁེར་རྐྱང་གི་རྒྱབ་གཟུགས།
དགུན་ཟླའི་འཁྱག་རོམ་སེམས་ཀྱི་དཀྱིལ་དུ་ལྷུང་། །
ཡིད་ཀྱི་བྱེའུ་ཆུང་རྒྱང་རིང་གནས་མལ་བསྙེགས། །
སྐྱོ་བའི་ལྷགས་ཁ་རྒོད་པའི་གྲང་རླུང་ཁྲོད། །
སྤྱིལ་ཆུང་ནང་དུ་ང་རང་གཅིག་པར་གཙེས། །
བརྩེ་བའི་མེ་ཏོག་བཞད་པའི་ནམ་ཟླ་ཡལ། །
ཁ་བའི་འདབ་མ་ལྷུང་བའི་ཡུལ་གྲོང་དུ། །
ཟླ་འོད་ཁེར་འགྲོས་སྐྱོ་བའི་སྣང་བརྙན་བསྐྲུན། །
ལོ་མ་སེར་པོ་མཚན་ལྗོངས་ཁྲོད་དུ་འཁྱར། །
དུས་ཀྱི་བྱ་ཁྱུའི་ཚོགས་རྣམས་ལྷོ་ལམ་འགྲིམ། །
སྡོང་མགོའི་གནས་ཚང་རླུང་གིས་ཡུད་ཀྱིས་ཁྱེར། །
ཕྱོགས་བཞིའི་རི་བོ་རྔམ་པའི་འཇིགས་ཟིལ་གྱིས། །
སེམས་རྩ་ཆུ་ཡིས་བཤལ་བས་གྲང་འདར་འབྱིན། །
དགུན་གྱི་གྲང་ངར་ལྷང་ལྷུང་ཞེ་ནས་སྡང་། །
སེམས་ཀྱི་མི་བུ་སྣང་བའི་ཕ་རོལ་མཆིས། །
སྐྱོ་བའི་ན་ཟུག་ལྡང་བའི་སྟོང་སེམས་ཁྲོད། །
ཁེར་རྐྱང་རྒྱབ་གཟུགས་ཐོགས་པའི་ས་མཐའི་ཡུལ། །
༢༠༢༣/༡༡/༥
ཕྱིར་དྲན་གྱི་སེམས་འཕྲིན།
འདས་པ་ཕྱིར་ཡོང་མེད་པའི་འཇིག་རྟེན་གྱི་གྲོང་ནས། །
སྐྱིད་སྡུག་གང་ཡིན་མ་ཤེས་ཤུལ་ལུས་ཀྱི་ང་རང་། །
ད་དུང་སྔོན་མ་ནང་བཞིན་ཁྱེད་རང་ལ་ཆགས་ཡོད། །
ཁྱེད་དང་བྲལ་བའི་དུས་ཚོད་དེ་ཕྱིར་དྲན་རེ་བྱས་ན། །
ཉིན་དེར་ང་ཡི་ཚེ་སྲོག་ཕྱེད་ཀ་དེ་བོར་སོང་། །
འཛམ་གླིང་སྟོང་པར་གྱུར་པའི་སྣང་བརྙན་ཞིག་བསྐྲུན་སོང་། །
གཞན་གྱིས་བཤད་ན་གཏན་དུ་འཕྲད་པ་རང་མེད་ཟེར། །
ལམ་འདིར་དཀའ་ཡང་མི་བགྲོད་རང་དབང་དང་བྲལ་སོང་། །
༢༠༢༢..༡༢..༡༩
བཀའ་དྲིན།
སྐྱིད་སྡུག་གི་འཚོ་བའི་ཁྲོད་ནས།
ཞུམ་མེད་ཀྱི་སྤོབས་པ་སྤྲོདམཁན།
ཁོ་མོ་ཡི་དགེ་རྒན་ཐོག་མ།
མ་ལོ་ཁྱེད་བཀའ་དྲིན་ཆེ་སོང་།
རྒྱུས་མེད་ཀྱི་འཇིག་རྟེན་འདི་ནས།
མ་རིག་གི་མུན་པ་སེལ་མཁན།
དཀོན་མཆོག་གི་དགེ་རྒན་དམ་པ།
ཁྱེད་ཉིད་ཀྱི་བཀའ་དྲིན་དྲན་སོང་།
དཀའ་ཁག་གི་ལམ་ཁ་འདི་ནས།
འགྲན་མེད་ཀྱི་རྒྱབ་སྐྱོར་གནང་མཁན།
དྲིན་ཆེན་གྱི་ཕ་དང་འདྲ་བའི།
ཨ་ཞང་ཁྱེད་སྐུ་ལས་ཁག་སོང་།
ཁྲ་ཁྲ་ཡི་དུས་ངན་འདི་རུ།
བཅོས་མིན་གྱི་ལྷག་བསམ་གནང་མཁན།
སེམས་མཐུན་གྱི་ཕུ་བོ་ཁྱེད་ཉིད།
འཕྲད་པ་དེ་བསོད་ནམས་ཡིན་སོང་།
༢༠༢༣/༥/༣༡
ཕལ་སྐད།
བཅུ་ཕྲག་རིག་པའི་བདུད་རྩིའི་རོ་བཅུད་མངར།།
ངལ་མེད་དལ་གྱིས་འཐུང་བའི་སློབ་བུའི་ཚོགས།།
དབྱངས་གསལ་སོ་བཞི་ངག་ཏུ་གྱེར་བའི་དུས།།
རིག་པའི་གཞུང་ལ་བརྩོན་ན་དགའ་བ་འཕེལ།།
ཉེར་གཅིག་དུས་འདིར་སློབ་སྦྱོང་བསྐལ་བ་བཟང་།།
ཆེ་འབྲིང་ཆུང་གསུམ་རིག་པའི་གནས་ལ་བརྩོན།།
བརྩོན་སེམས་འགན་དུ་མ་བླངས་བག་མེད་ངང་།།
དུས་བཟང་འཕྲོ་བརླག་བཏང་བར་ཕངས་སེམས་མེད།།
སྣ་མང་རིག་གནས་སྦྱོང་བའི་གོ་སྐབས་ཡལ།།
ཕ་སྐད་གསེར་རྒྱུན་རིང་མོ་ཆད་ལ་ཉེ།།
ཕ་མའི་བསླབ་བྱ་རྣ་རྒྱབ་རླུང་ལ་བསྐུར།།
དགེ་རྒན་དམ་པའི་བཀའ་སློབ་ཆུ་ལ་བསྐུར།།
ར་མ་ལུག་གི་སྐད་ངག་མོལ་བ་འདིས།།
རང་རིགས་མ་ཚད་མི་རིགས་གཞན་ལ་གནོད།།
ཚར་དུ་དངར་བའི་རིག་པའི་གཞུང་ལུགས་ལ།།
དོན་གཉེར་མ་བྱས་དུས་བཟང་བརླག་པར་འགྱུར།།
༢༠༢༤/༢/༢༦
གཏོང་སེམས།
དགུན་དུས་ཆར་བ་དྲན་པའི་གཏོང་སེམས་དང་།།
དབྱར་དུས་ཁ་བ་འདོད་པའི་འདུན་པ་གཉིས།།
དུས་ཚིགས་སོ་སོའི་བར་ནས་མྱོང་ཚུལ་འདི།།
འཁོར་བའི་རང་ལ་བཟོས་པའི་སྡུག་བསྔལ་ཡིན།།
དབང་དུས་རྒྱབ་ཏུ་བསྐྱུར་འདོད་བསམ་པ་དང་།།
ཤོར་དུས་ཐོབ་འདོད་ཆེ་བའི་ཧམ་སེམས་གཉིས།།
འགྱུར་ལྡོག་ཁྲོད་ནས་བྱུང་བའི་སྣང་ཚུལ་འདི།།
སེམས་ཀྱི་མེ་ལོང་ངོས་ཀྱི་དྲི་ངན་ཡིན།།
སློབ་པའི་དུས་ལ་མ་བརྩོན་འགྱོད་སེམས་དང་།།
ད་ལྟའི་རང་ལ་མ་ཐོབ་སྡུག་བསྔལ་གཉིས།།
ལེ་ལོ་བག་ཡངས་ངང་དུ་གནས་པ་འདི།།
རང་ལ་ནུས་པ་མེད་པའི་རྟགས་མཚན་ཡིན།།
འཛོམས་དུས་འཛིང་འདོད་ཆེ་བའི་རྙོག་འཛིང་དང་།།
བྲལ་དུས་མིག་ཆུ་མང་པོའི་སྐྱོ་སེམས་གཉིས།།
འདུ་བྲལ་རེས་མོའི་ཁྲོད་ནས་བྱུང་བ་འདི།།
འཇིག་རྟེན་རྙོག་འཛིང་ཅན་གྱི་རང་བཞིན་ཡིན།།
༢༠༢༤..༦..༢༨
བྱིས་དུས་ཀྱི་རྩེད་གྲོཊ་མ་ཞིག་ལ་ཕུལ།
དྲན་པ་ཐར་ཐོར་ཞིག་རླུང་བུ་དང་འགྲོགས་ནས།།
སྤྲིན་པ་དཀར་པོ་དེའི་རྗེས་སུ་སྙེགས་དུས།།
བྱིས་དུས་རྨི་ལམ་དང་རྩེད་ར་དྲན་ནས།།
ཕ་ཡུལ་ལོང་བ་ལ་སེམས་པ་འཁོར་སོང་།
གློ་བུར་ཚོར་སྣང་གི་དབྱིངས་སུ་བཞུགས་ནས།།
འདས་སོང་ལོ་ཟླ་ལ་ཕྱིར་དྲན་བྱེད་དུས།།
མཉམ་འགྲོ་མཉམ་འདུག་གི་ཁྱོད་དང་འུ་གཉིས།།
དྲན་པའི་ནང་སེམས་སུ་གསལ་ལེར་འཆར་འོང་།།
འདུ་བྲལ་འཁོར་བ་ཡི་རང་གཤིས་ཡིན་ཡང་།།
འགྱུར་ལྡོག་དངོས་པོ་ཡི་གཤིས་སུ་གྲུབ་ཀྱང་།།
སྐབས་རེར་དེ་དག་ལ་འཁང་ར་བྱེད་འདོད།
དྲན་པའི་ན་ཟུག་འདིས་ཅིས་ཀྱང་གནོད་གི།
༢༠༢༤..༨.༢༤
སྒྲ་ལྡན་གྱི་ལེ་ཚན།
སྒྲ་ལྡན་ལེ་ཚན།
བརྡ་སྤྲོད། སྒྲ་ཆ་ཚང་། འཆད་མཁན། ཁམས་རང་སྒྲུབ།
ཚིག་རྒྱན་རིག་པའི་སྒྲ་ཆ་ཚང་། བཤད་མཁན། སྟོབས་ལྡན།
རྩོམ་རིག་གི་གསང་གནད་བདུན། བཙན་ཁ་ཤོར།
རིག་གནས། ཕུགས་བསམ། ཧུར་བརྩོན། སྟོབས་ལྡན་གྱིས་བཤད།
དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གསུང་གླེང་། དགེན་ཆོས་བཟང་།
གུ་ཡངས་རིག་གནས་ཞབས་ཞུ་སྤྱི་གཉེར། 宽阔文化服务公司
ལྷ་རིས་པའི་མཚན་ཉིད་དང་དེའི་སྒྱུ་རྩལ་གནས་བབས་གླེང་བ།
བྱ་བཞག་ལེགས་འགྲུབ་ཇི་ལྟར་བྱ་རྒྱུ། དགེན་ཆོས་བཟང་གིས་གསུངས།
འཛམ་གླིང་ཉེ་རབས་ལོ་རྒྱུས་ལས་སུའུ་ལེན་དང་ཨུ་རུ་སི་གླེང་བ།
བོད་སྔ་རབས་ཀྱི་མི་ཆོས་བསམ་ཡོན་གླེང་བ། དགེན་བེ་དུང་གིས་བཤད།
སྐུ་ཞབས་ཞོགས་དུང་གི་སྲས་མོ་ཡེ་ཤེས་མཚོ་མོའི་ལས་གཏོད་ཀྱི་ལམ་བུ།
དཔེ་གཟུགས་ང་གཉིས་མ། ཆ་ཚང་། བཙན་ཁ་ཤོར།
མཁས་དབང་བསམ་གཏན་རྣམ་རྒྱལ་གྱི་གསུང་གསར། བརྡ་སྤྲོད་ཀྱི་དགེ་མཚན།
འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ། ཨ་ཆེན་མཚོ། 牧区女孩的艺术之路 阿青措
རྩོམ་སྒྲིག་པ། སྟོབས་ལྡན།
གཙོ་གཉེར། གུ་ཡངས་སྤྱི་གཉེར།