དགེ་རྒན་བཟང་བོས་སློབ་མ་འདི་ལྟར་སྐྱོང་། གྲུ་ཆུང་གིས་བསྒྱུར།

文摘   2023-06-29 08:17   青海  




དགེ་རྒན་བཟང་བོས་སློབ་མ་འདི་ལྟར་སྐྱོང་།

                        

           གྲུ་ཆུང་གིས་བསྒྱུར། 

          རྩོམ་ཁུངས། ཡ་ཧུ་དཱ་པའི་བྱིས་སྐྱོང་སློབ་གསོའི་དེབ།


     སྐད་གྲགས་ཆེ་བའི་སྤྱི་ཚོགས་རིག་པ་བ་ཝེ་སྦོ་ཡིས་སློབ་མའི་རྩོམ་ཡིག་ནོར་བཅོས་བྱེད་སྐབས། ཁ་བྱང་ལ《ལག་ཕྱིས་ཤིག》ཅེས་པའི་རྩོམ་ཞིག་གིས་ཁོའི་ཡིད་དབང་གཏིང་ནས་འཕྲོག་པ་རེད། དེ་བས་ཁོས་དེ་དཔེ་སྟོན་རྩོམ་ཡིག་ཏུ་བཞག་ནས་འཛིན་གྲྭའི་ནང་དུ་གྱེར་འདོན་བྱས།

    ཝེ་སྦོ་ཡིས་རྩོམ་དེ་བཏོན་ཚར་མ་ཐག་ཏུ། སློབ་མ་ཞིག་གིས་ལག་པ་ཡར་བཀྱགས་ནས་སྐད་གསེང་མཐོན་པོས"རྩོམ་ཡིག་དེ་བཤུ་འབྲི་བྱས་ནི་རེད"ཅེས་བཤད། སྐད་ཆ་དེ་བཤད་ཚར་མ་ཐག་འཛིན་གྲྭ་གང་བོས་འུར་ཟིང་ངེར་ལབ་གླེང་སྣ་ཚོགས་བྱེད་པ་དང་། མིག་ཟུང་ཐམས་ཅད་མ་གྲོས་རང་མཐུན་གྱིས་བཤུ་འབྲི་བྱེད་མཁན་སློབ་མ་དེའི་སྟེང་དུ་འཁོར་བས། མོའི་ངོ་མདངས་དམར་ནག་ཏུ་གྱུར་ནས་མགོ་བོ་སྨད་དེ་འདུག

    གློ་བུར་གྱི་དོན་རྐྱེན་འདི་འདྲ་ཞིག་ལ་གདོང་གཏོད་དུས། ཝེ་སྦོ་ཡིས་རེ་ཞིག་མཚམས་བཞག་སྟེ། བརྗོད་དོན་བསྒྱུར་ནས"སློབ་གྲོགས་ཚོ། རྩོམ་ཡིག་འདི་བྲིས་པ་བཟང་ངམ"ཞེས་དྲིས་པར།

   "བཟང་ནི་བཟང་། འོན་ཀྱང་་་་་་།"

   "ངས་འདྲི་བ་ནི་རྩོམ་ཡིག་འདི་བྲིས་པ་བཟང་ངམ་མི་བཟང་དེ་ཡིན། དོན་དག་གཞན་ལ་ཁ་ཡ་མ་བྱེད།"

   "ཧ་ཅང་བཟང་།"

   "འོ་ན་སློབ་གྲོགས་ཚོས་རྩོམ་ཡིག་འདིའི་བཟང་ཆ་གང་ན་འདུག་པ་དེ་བརྗོད་དང་། གཏམ་བརྗོད་བྱེད་འདོད་པའི་སློབ་གྲོགས་དེ་ཁྲིད་སྟེགས་སུ་བུད་ནས་ཤོད"ཅེས་བཤད་པར།

   མཇུག་མཐར་སློབ་གྲོགས་བརྒྱད་ཀྱིས་གཏམ་བརྗོད་སྤེལ་ཅིང་། ཚང་མས་རྩོམ་ཡིག་འདི་ལ་ཚད་མཐོན་པོས་གདེང་འཇོག་བྱས། ཝེ་སྦོ་ཡིས་མུ་མཐུད་དུ"སློབ་གྲོགས་ཚོ། སྔོན་ཆད་ངས་འདི་འདྲའི་རྩོམ་ཡག་པོ་ཞིག་ཀློག་པ་དེ་འདྲ་མང་པོ་མེད། ཕལ་ཆེར་སློབ་གྲོགས་ཚོས་ཀྱང་ཀློག་པ་ཉུང་ཉུང་ཡིན་སྲིད། རྗེས་ཕྱོགས་སློབ་གྲོགས་ཚོས་ཕུལ་བྱུང་རྩོམ་ཡིག་མང་པོ་འོས་སྦྱོར་བྱས་ཏེ་འཛིན་གྲྭའི་ནང་དུ་ཀློག་འདོན་བྱས་ན་ཇི་འདྲ་རེད"ཅེས་པར།

   "ཧ་ཅང་ཡག་པོ་རེད་འདུག"

   "འོ་ན། དེ་རིང་ང་ཚོ་ལ་ཐེངས་དང་པོར་ཕུལ་བྱུང་རྩོམ་ཡིག་ཅིག་འོས་སྦྱོར་བྱས་པའི་སློབ་གྲོགས་ལ་ཚང་མས་ཅི་ཞིག་བྱ་འོས"ཞེས་དྲིས་པ་ལ།

   "ཐུགས་རྗེ་ཆེ། ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ།"

   སྐབས་འདིར་སློབ་གྲོགས་ཚོས་ཝེ་སྦོ་ཡི་བསམ་ཚུལ་རྟོགས་ཤིང་ཡིད་འགུལ་ཐེབས་པ་རེད།

   "དེ་རིང་ནས་བཟུང་། གཟའ་འཁོར་རེར་ཕུལ་བྱུང་རྩོམ་ཡིག་རེ་འོས་སྦྱོར་བྱ་དགོས་ལ། འཛིན་གྲྭ་ཡོངས་ནས་རེས་མོས་ཀྱིས་འོས་སྦྱོར་བྱ་དགོས། མ་ཡིག་ཁྱེར་ཡོང་ནས་བཏོན་ན་ཡང་ཆོག་ལ། ཡང་ན་རང་གི་རྩོམ་ཡིག་འབྲི་དེབ་སྟེང་དུ་བྲིས་ནས་བཏོན་ནའང་ཆོག འོན་ཀྱང་མ་རྩོམ་གྱི་རྩོམ་པ་པོ་དང་དཔར་སྐྲུན་ཁང་གང་ཡིན་གསལ་བོར་བྲི་དགོས"ཞེས་བཤད་པར། སློབ་གྲོགས་ཚང་མར་ཡིད་ཚིམས་པའི་འཛུམ་མདངས་མངོན་ཞིང་། བཤུ་འབྲི་བྱེད་མཁན་གྱི་སློབ་གྲོགས་དེ་ལ་ཡང་ལྷོད་ལ་བབས་པའི་འཛུམ་མདངས་མངོན་བྱུང་།

    བྱིས་པའི་སེམས་ཁམས་ནི་རྒྱུན་དུ་ཅུང་སྙི་མོ་ཡིན་པས་དེར་གནོད་པ་ཐེབས་སླ་བར་མ་ཟད། གནོད་པ་ཐེབས་ཟིན་པའི་སེམས་དེ་ཕྱིར་གསོ་དཀའ་བོ་ཡོད། ཝེ་སྦོ་ཡི་བྱེད་སྟངས་དེས་བྱིས་པ་ཞིག་གི"ངོ་སོ"སྲུང་སྐྱོབ་བྱས་པར་མ་ཟད་བྱིས་པའི་རང་བརྩིའི་བསམ་པ་ལའང་གནོད་པ་བྱས་མེད་ལ། བྱིས་པ་དེ་ལ་ཡང་རང་གི་ནོར་འཆུག་ངོས་ཟིན་དུ་བཅུག ད་དུང་འཛིན་གྲྭ་གང་བོར་ཉམས་དགའ་བའི་གུ་ཡངས་ཀྱི་སློབ་ཁྲིད་ཅིག་ཀྱང་བྱས། བརྩེ་བ་དང་གུ་ཡངས་ནི་ནམ་ཡང་ཆེས་ངོ་མཚར་ཆེ་བའི་སྒྱུ་མ་མཁན་ཞིག་ཡིན་ལ། བརྩེ་བ་དང་གུ་ཡངས་ཀྱིས་ཕྱུག་པའི་སློབ་གསོའི་ཁྲོད་དུ་ད་གཟོད་བྱིས་པ་དེ་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་བོ།།



བསྒྱུར་རྩོམ། 

ཉི་ཧོང་གིས་ཡང་དང་བསྐྱར་དུ་ནོ་པེར་བྱ་དགའ་ལེན་པའི་གསང་བ།

ཧང་སངས་བའི་འཕྲིན་གསར།

ཆེས་དམའ་རིམ་ནས་བསྒྲུབ་པར་བྱ།  ཨ་མཁར་འདྲེ་སྨྱོན་གྱིས་བསྒྱུར།

ཡ་ཧུ་དཱ་པའི་མི་སྣ་གྲགས་ཆེན། 犹太名人堂

འགྲན་ཟླ་བྲལ་བའི་ཡ་ཧུ་དཱ་པ། 了不起的犹太人

ཡ་ཧུ་ད་པའི་ཤེས་རབ་ལེགས་བཤད།  犹太人智慧格言

འཐབ་འཁྲུག་བཟང་ཞེས་གླེང་མཁན་ནི་གླེན་ནག་རེད། སྟོབས་ལྡན།

འཛམ་གླིང་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་བའི་གྲགས་རྩོམ།ཆ་ཚང་།སྟོབས་ལྡན།

མི་ཚེའི་གོམ་པ་ཐོག་མ།     སྟོབས་ལྡན་གྱིས་བསྒྱུར།

འཛམ་གླིང་གི་ཕྱུག་བདག་ཨང་དང་པོ།  མ་སི་ཁི།

དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ། ཡིག་སྒྱུར་བ།  གྲུ་ཆུང་།

ཤེས་རབ་ཀྱིས་ལས་དབང་བསྒྱུར་བ། ཡིག་སྒྱུར་བ། གྲུ་ཆུང་།

བུ་རྐང་གཅིག་ལག་གཅིག ཡིག་སྒྱུར་བ། གྲུ་ཆུང་།

མེ་ཏོག་བསྐྱལ་བ།ཡིག་སྒྱུར་བ། གྲུ་ཆུང་།






རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།

宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章