འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ། ཨ་ཆེན་མཚོ། 牧区女孩的艺术之路 阿青措

文摘   2022-08-25 20:50  








འབྲོག་མོ་ཞིག་གི་སྒྱུ་རྩལ་གྱི་ལམ་བུ།  ཨ་ཆེན་མཚོ། 


牧区女孩的艺术之路  阿青措








    



དངོས་མིང་།  ཨ་མཚོ།

སྨྱུག་མིང་། ཨ་ཆེན་མཚོ།

ཕ་ཡུལ་ནང་ཆེན། 

ཨ་མཚོའམ་ཨ་ཆེན་མཚོ་ནི་ཡངས་བའི་རྩྭ་ཐང་དང་དྭངས་གཙང་ཆུ་བོ།  མཛེས་སྡུག་གི་སྤྲིན་དཀར་དང་སྦྲ་གུར་མང་སའི་འབྲོག་ཡུལ་དུ་སྐྱེས།

  མ་ཟད་གངས་རིའི་གཟི་དཔལ་ལ་རོལ་ཞིང་གཙང་བོའི་རླབས་སྒྲ་ལ་ཉན་པའི་འབྲོག་མོ་དཀྱུས་མ་ཞིག་སྟེ། 

སྤྱིར་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་རུང་ནམ་རྒྱུན་ཕ་སྐད་མ་ཡིག་ལ་དུང་ཞེན་ཟབ་པའི་བུ་མོ་ཞིག་ཡིན་ཙང་ཆུང་དུས་ནས་རྩོམ་འབྲི་དང་ཡིག་གཟུགས།   རི་མོ་དང་མཚམས་སྦྱོར་སོགས་ལ་ཧ་ཅང་དགའ།

ལོ་ངོ་ལྔ་ཙམ་ལ་སོན་སྐབས་ནས་ཨ་མ་དང་ཨ་ཅེ་གཉིས་ཀྱིས་དབྱངས་གསལ་བསླབས་ཤིང་།  རང་གིས་ཀྱང་སྦྱོང་པ་རྒྱུན་མ་ལྷོད་པས་བོད་ཡིག་འདོན་ཀློག་ལ་མི་རྨོངས་པའི་བྱིས་པ་ཆུང་ཆུང་ཞིག་ཏུ་གྱུར།

 དེ་རྗེས་རིག་གནས་དང་ལག་རྩལ་ས་ཆ་གང་དུ་ཟབ་སྦྱོང་འཚོགས་ན་ཨ་ཆེན་མཚོ་དེ་རུ་ཐོན་ཐབས་བྱེད་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་ཡུལ་ཤུལ་དམངས་ཕན་སློབ་གྲྭ་ལ་སོང་ནས་མི་ལོ་དུ་མ་ཞིག་ལ་བོད་ཀྱི་རིག་གནས་དང་རྒྱའི་སྐད་ཡིག་སྲོལ་རྒྱུན་ལྷ་རིས་དང་བོད་ཀྱི་ཡིག་གཟུགས་བཅས་ལ་སྦྱོང་བརྩོན་ལྷོད་མེད་བྱས་པས་དགེ་རྒན་རྣམས་ཀྱིས་ཀྱང་རེ་བ་དང་ཡིད་ཆེས་ཆེན་པོ་ཐོབ།

  སྤྱི་ལོ (  ༢༠༡༧ )ལོ་ས་གནས་དེ་གའི་སློབ་གྲྭའི་རྒྱབ་སྐྱོར་འོག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་སྡེ་ཁག་ཏུ་སློབ་ཆེན་དང་དངོས་གཞི་བཏོན་ནས་མཐར་ཕྱིན།

  ད་ལྟ་ཡུལ་ཤུལ་དམངས་ཕན་སློབ་གྲྭའི་བོད་ཡིག་དགེ་རྒན་དང་དམངས་ཕན་ལས་གཏོད་སྐྱེད་སྲིང་རྟེན་གཞིའི་ལྷ་བཟོ་བ་དང་བྲིས་པ།   ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གཉིས་པའི་བྲིས་གཟུགས་དགེ་རྒན་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་གྱིན་ཡོད། 




གཅིག  བྲིས་གཟུགས་སྒྱུ་རྩལ། 

一   书法艺术 




























               

བྲིས་གཟུགས་སློབ་ཁྲིད་བྱེད་བཞིན་པ། 
   
        

































































    

སྒྱུ་རྩལ་གྱི་མཚར་སྡུག


གཉིས། ཐང་ག་རི་མོའི་སྒྱུ་རྩལ། 

二   唐卡绘画艺术 












          


གསུམ། ངག་གི་སྒྱུ་རྩལ། 

三  文学艺术 





གསར་རྩོམ་གང་ནས་བྱུང་བ།

                            ཨ་ཆེན་མཚོ།

  ངའི་སྣང་ངོ་རུ་སྤྱི་ཚོགས་དང་འཇིག་རྟེན་འདི་རྩོམ་རིག་དངོས་ཡིན་ཞིང་བརྩེ་དུང་དང་ཞེ་སྡང་ནི་སྙན་ངག་གི་རྒྱན་ཡིན།  དགའ་སྐྱོ་ཆགས་སྡང་དང་མངར་སྐྱུར་ཁ་ཚ་ནི་རྩོམ་རིག་གི་བརྗོད་བྱ་ཉག་གཅིག་ཡིན་པས་ང་ལ་ནམ་རྒྱུན་དེ་དག་གིས་ལྐོག་བརྡ་སྤྲད་ནས་བསམ་པའི་དཀོད་པ་ལ་འགུལ་སྤྱོད་གཏོང་གིན་འདུག

དེ་བས་ང་ནི་བསྐྱར་བཟོ་བྱེད་དགོས་པའི་མི་སྣའི་ཚབ་མཚོན་ཞིག་ཡིན་ལ་རྩོམ་རིག་ནི་ངའི་ཁོད་ཡངས་བའི་བརྩེ་དུང་གི་རླབས་རྒྱུན་ལས་བྱུང་བའི་དངུལ་ཆུ་དྭངས་མ་དེ་ཅི་ལ་མིན།

  སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་སྒྱུ་རྩལ་གྱིས་བླངས་ན་འཛད་མཐའ་མེད་པ་དང་སྤྱད་ན་རྫོགས་མཐའ་མེད་པའི་འབྱུང་ཁུངས་ཉག་ཅིག་ཡིན་གསུངས་པ་བདེན་མོད།

རེད་དེ་ངས་བསམ་ན་དགའ་སྐྱོ་ཆགས་སྡང་ཡོད་པ་ཙམ་དང་སྤྱི་ཚོགས་ལ་ཉམས་མྱོང་ཡོད་པ་ཙམ་གྱིས་རྩོམ་ཡིག་ཕུལ་བྱུང་ཞིག་འབྲི་མི་ནུས།    དགའ་སྐྱོ་ཆགས་སྡང་ནི་སྲོག་ཆགས་ཀུན་པོར་ཡོད་ལ་འཚོ་བའི་ཉམས་མྱོང་ནི་ཡོད་ཚད་ཀྱིས་རྒྱུད་ཀྱིན་ཡོད་ནའང་དེ་དག་གིས་རྩོམ་མམ་སྙན་ངག་འབྲི་ཤེས་པའི་ངེས་པ་མེད། མི་སེམས་མཚོན་པའི་རྩོམ་རིག་ནི་ཡིད་ཀྱི་བརྩེ་དུང་ལ་བསྟེན་ནས་བྱུང་བ་ཡིན་ཕྱིར་ཡངས་བའི་བརྩེ་དུང་གནར་མ་ཞིག་ལ་མ་བསྟེན་ན་འགྲུབ་མི་སྲིད། དེ་བས་རྩོམ་རིག་གི་འབྱུང་རྩ་ཆེས་བཟང་བ་ནི་ཡངས་བའི་བརྩེ་དུང་ངམ་ཡིད་ཀྱི་འགུལ་སྤྱོད་དངོས་རེད། ཡངས་བའི་བརྩེ་དུང་ནི་དོག་པའི་བརྩེ་དུང་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད།  ཡུལ་བྱ་དངོས་གང་རུང་གིས་དངོས་དང་ལྐོག་ནས་ཚུར་ལ་བརྡ་སྤྲད་པས་ཡིད་ཀྱི་བརྩེ་བ་སློང་བ་དང་གཅིག བྱེད་པོ་ཡུལ་ལ་ཆགས་པའམ་དགའ་བ་ལ་སོགས་བསམ་གྱིས་མི་ཁྱབ་པའི་དབང་གིས། རྩོམ་རིག་ནི་ཡངས་བའི་བརྩེ་དུང་གི་ཁྲོད་ནས་ནར་སོན་པའི་ལྗོན་པ་ཞིག་ཡིན། མི་དང་མིའི་བར་གྱི་མཛའ་བརྩེ་དང་ཁྱེད་ཉིད་འཇིག་རྟེན་གྱི་བྱ་དངོས་གང་རུང་ལ་དགའ་བ་དང་ཆགས་པ།   དུང་བ།   སྤྲོ་བ།    ཞེན་པ།   མིག་ལ་མཛེས་པ་སོགས་དྲག་ཏུ་འཕྱོ་བའི་བསམ་པའི་རླབས་རྒྱུན་ལ་ཡངས་བའི་བརྩེ་དུང་ཞེས་འབོད་ཆོག   རང་བྱུང་ཁམས་གྱི་གནས་ཚུལ་ལ་དངོས་དུ་འཕྲད་པ་དང་བསམ་པའི་རླབས་རྒྱུན་གཉིས་གཞི་ཀློང་གཅིག་ཏུ་འདྲེས་ནས་གསར་རྩོམ་གྱི་ལམ་དུ་ཞུགས་པ་རེད། གསར་རྩོམ་ཟེར་བ་ཁྱོད་ཀྱིས་སྔར་བྱུང་མ་མྱོང་བའི་བསམ་བློ་གསར་པ་མེད་ཀྱང་། སྔར་བྱུང་མ་མྱོང་བའི་ཡིད་འགུལ་ཐེབས་པའི་གཟུགས་བརྙན་གསར་པ་རེ་ངེས་ངེས་བཞེངས་དགོས།

༼སྙན་ཚིག་རིག་པའི་ཤེས་བྱ་གནས་བསྡུས༽ལས་ཀྱང་།

ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་དང་།། རིགས་གཟུགས་རང་བཞིན་རྣམ་འགྱུར་ཁྱད་ཆོས་དང་།། བསམ་པའི་འདུ་ཤེས་ཁྱད་པར་མཐའ་ཡས་པ།།

རྩོམ་རིག་གཏེར་བརྒྱ་བརྡོལ་བའི་འབྱུང་ཁུངས་ཡིན།། ཞེས་གསུངས་ཡོད་ཀྱང་དེ་དག་ཀྱང་བརྩེ་དུང་ཞིག་ལ་བསྟེན་དགོས་པ་ལས་རང་ཤུགས་ཀྱིས་མི་ཡོང་།

སེམས་པ་གཉོམ་པོ་འདི་ལ་སྤྲོ་སྡུག་རེས་མོས་ཀྱི་ཚོར་བ་དྲག་པོ་ངམ་ངམ་ཤུགས་ཀྱིས་ཐོན་པས་འུ་ཅག་གསར་རྩོམ་གྱི་འཇིག་རྟེན་དུ་བཞུད་པ་དངོས་འཆར་གཉིས་ལྷན་དུ་སྡེབ་སྟེ་རྟོགས་དཀའ་བའི་མི་སེམས་ཀྱི་གསང་ཟྭ་འབྱེད་པ་རེད།




རི་གྲོང་གི་རྣམ་ཤེས།

                           ----ཨ་ཆེན་མཚོ།

དཀར་དམར་མེ་ཏོག་འཐུ་བའི་བྱིས་དུས་ཀྱི་རྣམ་ཤེས། །

ན་གཞོན་ལང་ཚོ་དར་བའི་རྨི་ལམ་གྱི་ལོངས་སྤྱོད། །

ང་བཙན་ཁོ་ཕམ་འགྲན་པའི་མི་ཡུལ་གྱི་བྱ་གཞག།

ཕྱི་མ་བར་དོའི་འཕྲང་ནས་ངོ་མཚར་གྱི་ཕྱིར་དྲན། །


མི་ལུས་ཐེངས་ཤིག་རྙེད་པ་ད་རེས་ཀྱི་རྟེན་འདི། །

སྐྱིད་སྡུག་འཁོར་བའི་གྲོང་གི་མགྲོན་པོ་ཞིག་བྱེད་འདོད། ། 

ཤེས་བྱའི་བཅུད་ལ་འཐམས་པའི་གཞོན་ཆུང་ངའི་ལས་དབང་། །

བརྩེ་ཞེན་སྙིང་ལ་ཟུག་པའི་རང་རིགས་ལ་འབུལ་བསམ། །


རང་ལུས་ལྷ་ཤིག་འདྲ་བོ་འདོད་པ་ལ་མ་བྲེལ། །

སེམས་པ་དུང་ལོ་དཀར་པོ་ཆགས་པ་ལ་མ་ཞེན། །

བརྩེ་བ་མེ་དཔུང་དམར་པོ་རྩེད་ཆས་སུ་མ་བྱས། །

སྲིད་པ་རྒྱལ་ཁམས་འགྲིམ་པའི་གོ་སྐབས་ཤིག་འཚོལ་དགོས། །

                              ༢༠༢༡/༢/༡༩

ཚིག་གི་ལོ་མ།

    ----ཨ་ཆེན་མཚོ།


ཁ་སང་བཤད་པ་ཚིག་ཡིན། །

ཚིག་གི་ལོ་མ་ཇ་རེད། །

ཇ་ལོའི་ཁ་དོག་དམར་པོ། །

རྨི་ལམ་ནང་ནས་རྨིས་སོང་། །


ཇ་མ་ཚེ་རིང་མཚོ་རེད།

ཇ་ལོ་རང་གི་ཚིག་ཚོམས། །

ཤིང་ཕོར་ལི་མ་ནང་དུ། །

ང་ལ་འོ་ཇ་དྲངས་སོང་། །



ཇ་ལ་ཇ་བཤད་གནང་བས། །

ཇ་དེ་ཆང་ལས་ཞིམ་པ། །

ཚེ་རིང་མཚོ་མོ་མི་རེད། །

མདང་ནུབ་རྨིས་པའི་རོགས་རེད། །


བསྡོམས་ཚིག་ཕྱོགས་བསྡུས།

             ----ཨ་ཆེན་མཚོ།


མི་ནི་དལ་འཇམ་ལྷོད་ཡངས་ལ་དགའ་བས།  ཁྱེད་ཀྱི་ཕན་སེམས་ཀྱི་ཀུན་ནས་སླང་བའི་བསླབ་བྱ་ཡིན་འདོད་རུང་སྐད་ཆ་རྩུབ་མོ་དེ་སུས་ཀྱང་ཉན་མི་འདོད། གནས་ལུགས་དེ་ངའི་འཚོ་བའི་ཟུར་ནས་འཕྲད་མྱོང་བའི་བདེན་པ་ཡིན།


བསམ་ཤེས་དང་གུ་ཡངས་ནི་ཁྱེད་དང་བར་ཐག་ཐུང་བའི་མི་ལ་ཅི་ཐུབ་བྱེད་དགོས།  དེ་ནི་ཁྱེད་ཉིད་འགྲོགས་བདེ་འདྲིས་མཐུན་གྱི་མི་ཞིག་ཡིན་པའི་བདེན་དཔང་ཡིན།  


  བསམ་པ་རྣམ་དག་དང་ཁྲེལ་གཞུང་ཡང་དག་ནི་བརྩེ་བ་ཉམས་ལེན་གྱི་རྒྱུ་ཡིན་པས།

རང་ཉིད་ནས་མགོ་བརྩམས་ཏེ་མི་ཁྲེལ་གཞུང་ཅན་ཞིག་བྱེད་དགོས།


  ཁྱོད་ཀྱིས་ཕ་རོལ་པོའི་སེམས་ཁམས་དང་བསྟུན་ནས་དོན་དག་ལ་ལར་ཨུ་ཚུགས་མ་བྱེད།  དེ་ནི་བརྩི་བཀུར་ཡིན། ཁྱེད་ཉིད་བློས་ཐུབ་ཀྱི་གྲོགས་པོ་ཡིན་ན་རོགས་རམ་བྱེད་རྒྱུའི་འགན་ཁུར་དང་དུ་ལེན་དགོས།   དེ་ནི་ཁྲེལ་གཞུང་ཡིན། ཁྱེད་ཉིད་འགྲོགས་འགྲོགས་ནས་ཡོད་པའི་གྲོགས་པོ་དེས་ཆོག་ཆོག་དང་བབ་བབ་ཀྱིས་ཁྱོད་ལ་བཤད་པ་བཏང་ན།   དེ་ངན་སྨྲས་ཤིག་ཏུ་སེམས་ནས་ཡར་ལན་མ་བྱེད།  རྒྱུ་མཚན་གྲོགས་པོ་དེས་ཁྱེད་ལ་འདང་ཆེ་བས་བཤད་ཆོག་པའི་འདུ་ཤེས་ཕྲ་མོ་དེ་ཡོད་པའི་རྟགས་རེད།   དེའི་སེམས་ལ་རྨ་ཁ་མ་བཟོ།   གྲོགས་པོ་དེས་ཁྱེད་ཉིད་ཅི་མངགས་ན་དེ་བཀའ་ཞིག་ཏུ་མི་བརྩི་ནས་བསྒྲུབ་དགོས་པ་འགན་ཁུར་ཞིག་དུ་བཟུང་དགོས།    དེ་ནི་དམ་ཚིག་གཙང་མ་ཞིག་ཡིན།    ལན་དང་རྣམ་སྨིན་ལ་མི་རེ་བའི་འདང་ཞེན་དེ་གསེར་དངུལ་རིན་ཆེན་གང་གིས་མི་ཁུག་པའི་རྩ་ཆེན་ཞིག་ཡིན་པས། ཁྱེད་ཀྱིས་སྣང་མེད་མ་བྱེད།




བཞི། རིག་གནས་སློབ་ཁྲིད།  

四 藏文化课程






ལྔ།  སྒྱུ་རྩལ་གྱི་བརྙན་རིས། 

五  视频拍摄


 








རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།







宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章