དམག་འཁྲུག་ནི་ཞི་བདེ་ལས་ལྷག ​ བེ་དུང་།

文摘   2022-08-03 21:49  



 དམག་འཁྲུག་ནི་ཞི་བདེ་ལས་ལྷག 


                                         བེ་དུང་།  


        མིའི་རིགས་ཀྱི་ཆེས་སྔ་བའི་ལོ་རྒྱུས་ནི་དམག་འཁྲུག་གི་ཟིན་ཐོ་ཡིན་ལ།      ཡ་ཐོག་གི་ལོ་རྒྱུས་མཁས་ཅན་ཚོའི་ངོས་ནས་བརྗོད་ན་ཞི་བདེ་ནི་ཟིན་ཐོར་འགོད་རིན་ཡོད་པ་ཞིག་གཏན་ནས་མིན་པ་རེད།        ལར་དམག་འཁྲུག་ནི་ཆབ་སྲིད་དང་མངའ་ཁོངས་ཐད་ཀྱི་རྩོད་གཞི་དང་བསྟུན་ནས་བྱུང་བ་ཞིག་ཡིན་ལ།      དམག་འཁྲུག་ནི་སྔ་དུས་ཀྱི་ལོ་རྒྱུས་རྒྱུ་ཆ་ཡོད་ཚད་ཀྱི་བརྗོད་བྱ་གཙོ་བོ་ཡང་ཡིན།     གལ་ཏེ་དཔའ་བོའི་དྲག་རྩལ་ལ་བསྟོད་བསྔགས་མ་བྱས་ན།        རླབས་ཆེ་བའི་ཧོ་མིའི(Homer,荷马) བྱུང་བརྗོད་སྙན་ངག་ཀྱང་རྩོམ་ཐབས་མེད་ལ།     གལ་ཏེ་ཞི་པོ་དམག་འཁྲུག(The PersiananWar,希波战争)དང་པོ་རོ་པིན་ཉི་ས་དམག་འཁྲུག(ThePleoponnesianannesin War,伯罗奔尼撒战争)ཁྲོད་དུ་བྱུང་བའི་མི་སེམས་འགུལ་བའི་ཛ་དྲག་གི་འཐབ་འཛིང་དེ་དག་མེད་ན།        ཞི་པོ་ལོ་དེ(Herodotus,希罗多德)དང་ཐྲེ་ཡོའུ་སི་སྒྲེ(Thucydides,修昔底德) ཡིས་ཀྱང་རིན་ཐང་ཆེ་བའི་ལོ་རྒྱུས་རིག་པའི་ལེ་ཚན་དེ་དག་འབྲི་མི་ཐུབ་པ་གཏན་ཁེལ་རེད།      ད་དུང་སེ་ནོ་ཧྥུན(Xenophon,诺芬)དང་ཨེ་རི་ཨན(Arrian,阿里安)སེ་ཟེར(Caesar,凯撒) བཅས་ཀྱི་བརྩམས་ཆོས་ལ་དམག་འཁྲུག་གི་ལོ་རྒྱུས་ཟེར་ཆོག   

      དེང་རབས་ཀྱི་ཤེས་རིག་གི་ངོས་ནས་བཤད་ན་ཞི་བདེས་དམག་འཁྲུག་གི་མགོ་གནོན་ཐུབ་པར་མ་ཟད།     སྔར་གྱི་མི་རབས་ཁ་ཤས་ཀྱི་ཁྲོད་དུའང་ཞི་བདེའི་སྒྱུ་རྩལ་ནི་དམག་འཁྲུག་གི་སྒྱུ་རྩལ་ལས་ཀྱང་གལ་ཆེ་བ་ཞིག་ཏུ་གྱུར་ཡོད་པ་ནི་མངོན་གསལ་རེད།         འོན་ཀྱང་དམག་འཁྲུག་ནི་སྔར་བཞིན་རྒྱལ་ཁབ་དང་མི་རིགས་ཡོད་ཚད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་མཐར་ཐུག་གི་བྱེད་ཐབས་ཤིག་ཡིན་ཕྱིར།        ཞི་བདེའི་སྒྱུ་རྩལ་གྱིས་སྔར་བཞིན་དམག་འཁྲུག་གི་སྒྱུ་རྩལ་ལ་སྲུང་སྐྱོང་དང་སྐུལ་འདེད་བྱ་དགོས་པ་དང་།       མི་རྣམས་ཀྱིས་སྔར་བཞིན་དམག་འཁྲུག་ལ་དང་དོད་དང་མོས་མཐུན་བྱ་དགོས་ལ།    དམག་འཁྲུག་ཐད་ཀྱི་ཆེས་རླབས་ཆེ་བའི་སྤྱི་ཁྱབ་བཀོད་འདོམས་པ་རྣམས་ཀྱི་བསམ་བཀོད་དང་ལས་འཆར་ལའང་སྔར་བཞིན་ཡིད་སྨོན་དང་སྤྲོ་སྣང་གིས་ལྟ་དགོས།    དམག་འཁྲུག་གི་སྒྱུ་རྩལ་ནི་རླབས་ཆེ་བའི་སྤྱི་ཁྱབ་བཀོད་འདོམས་པ་ཁ་ཤས་ཀྱི་ཀླད་པའི་ནང་ནས་བྱུང་བ་ཡིན་ཞིང་།     སྒྱུ་རྩལ་དེའི་མཐར་ཐུག་གི་རིན་ཐང་ནི་ཁོ་ཚོས་བཀོད་འདོམས་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་མ་གཏོགས་ཤེས་མི་ཐུབ།     དམག་མིར་མཚོན་ན།    རླབས་ཆེན་མི་སྣ་དེ་དག་གི་མཛུབ་སྟོན་དང་བཀའ་བརྡ་ལ་གཙི་སྲུང་བྱ་རྒྱུ་ལས་མེད་ལ།      ཁོང་ཚོར་མཚོན་ན་དམག་འཁྲུག་གིས་རང་ཉིད་ལ་བླ་ན་མེད་པའི་ཕན་ཁེ་ཡང་ཐོབ་ཐུབ་པ་རེད།        ནཱ་ཕོ་ལིན(Napoleon,拿破仑) སྤྱི་ཁྱབ་བཀོད་འདོམས་པས་ཁོང་ལ་གྲ་སྒྲིག་བྱས་པའི་ས་ཁྲའི་སྟེང་གི་གཡུལ་འགྱེད་འཆར་གཞི་འགོད་པར་མ་ཟད།     ས་ཁྲའི་སྟེང་དུ་ཁ་དོག་མི་འདྲ་བའི་ཁབ་དར་བཙུགས་ནས་དམག་དཔུང་གི་བྱ་སྤྱོད་ལ་ལད་མོ་བྱེད་ཀྱི་ཡོད།     ས་ཁྲའི་སྟེང་ནས་འཆར་གཞི་ལ་ཞིབ་བཤེར་བྱས་རྗེས་ཁོས་ད་གཟོད་དམག་དཔུང་ལ་རིམ་བཞིན་བཀའ་བརྡ་སྒྲོག་ཅིང་།   

སྤྱི་ཁྱབ་བཀོད་འདོམས་པ་རྣམས་ཀྱི་ངོས་ནས་བཤད་ན་ས་ཁྲ་ནི་མིག་མངས་ཤིག་དང་འདྲ་ལ།    དེའི་ཐོག་རང་ཉིད་ནི་མིག་མངས་རྩེད་མཁན་དང་འདྲ་བར་ཁོང་གི་དམག་དཔུང་བེད་སྤྱོད་བྱས་ཆོག་གི་ཡོད།    ཚིག་གཞན་ཞིག་གི་ཐོག་ནས་བཤད་ན།“འཐབ་ཇུས་ཀྱི་སྒྱུ་རྩལ”ཟེར་བ་དེའི་དོན་སྙིང་ནི་དམག་དཔོན་གྱིས་རང་ཁུངས་ཀྱི་དམག་དཔུང་ལ་བཀོད་འདོམས་བྱས་ཏེ་དགྲ་དམག་ཡོད་སའི་ས་ཁུལ་བརྒྱུད་ནས་འགྲོ་དགོས་པ་དང་།   དགྲ་དམག་དང་མ་འཕྲད་གོང་ལ་འགྲན་ཟླ་དེ་མཉམ་རུབ་དམག་འཐབ་དང་བྱ་སྤྱོད་གཞན་དག་ལ་མི་ཕན་པའི་གནས་སུ་འཇོག་དགོས་པ་དེ་རེད།     དམག་དཔུང་གིས་གཡུལ་སར་དགྲ་དམག་ལ་ཁ་གཏད་འཇལ་སྐབས་སྤེལ་བའི་བྱ་སྤྱོད་ནི་འཐབ་རྩལ་གྱི་ཁོངས་སུ་གཏོགས་པ་རེད།   

     མ་གཞི “འཐབ་ཇུས”ཞེས་པ་ནི་དམག་འཁྲུག་གི་རྒྱུན་ཤེས་དང་རྒྱུན་སྲོལ་ལས་གྲུབ་པ་ཞིག་ཡིན་ཞིང་།    དེ་ནི་འཚོ་བའི་ཁྲོད་ཀྱི་གོམས་སྲོལ་དག་བྱ་བ་ཆུང་ཆུང་ཞིག་གི་འབྲས་བུ་ནས་རིམ་བཞིན་བྱ་བ་ཆེན་པོ་རུ་གོང་འཕེལ་བྱུང་བ་དང་འདྲ་བར་འཐབ་ཇུས་ཀྱང་དམག་འཁྲུག་གི་སློབ་དཔོན་རྣམས་ཀྱིས་གནས་ཚུལ་མི་འདྲ་བར་གདོང་གཏོད་སྐབས་ཀྱི་བྱ་སྤྱོད་དང་དེའི་ཉམས་མྱོང་ལས་བྱུང་བ་ཞིག་རེད།     འཐབ་ཇུས་ཞེས་པའི་ཐ་སྙད་དེ་གནའ་བོའི་གྷི་རིག་པའི་སྐད་ཀྱི“srategos”ཞེས་པའི་བརྡ་ལས་བྱུང་བ་དང་།   བརྡ་དེའི་ཐོག་མའི་གོ་དོན་ནི་དམག་དཔུང་གི་བཀོད་འདོམས་ཟེར་ཞིང་།    

      རིག་ཚན་གཞན་དག་དང་འདྲ་བར་འཐབ་ཇུས་ལའང་རང་ཉིད་ཀྱི་ཚད་གཞི་ཡོད་ལ།    འོན་ཀྱང་དུས་རབས་གཅིག་ཙམ་གྱི་རྗེས་སུ་ཚད་གཞི་འདི་དག་གཞི་ནས་ཟིན་ཐོར་བཀོད་པ་རེད།    རྩ་དོན་གྱི་ཐོག་ནས་བཤད་ན།    ཚད་གཞི་དེ་དག་ནི་ཟ་ཟིར་གཏན་ནས་མེད་པ་ཞིག་ཡིན་ཞིང་།    ལག་ལེན་གྱི་ཐད་ལ་ཡང་ལྡེམ་ལྕགས་ཡོད་པ་ཞིག་རེད།     དེའི་རྒྱུ་མཚན་ནི་དེ་ཚོ་ནི་སྐབས་ཐོབ་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་པའི་ཐབས་ཤེས་ཙམ་དང་།     ཚན་རིག་གི་ཐ་སྙད་སྤྱད་པ་དང་།   མཚན་ཉིད་རིག་པའི་སྒྲུབ་བྱེད་དྲངས་བ་ཙམ་ཡིན་པའི་རྐྱེན་གྱིས་རེད།    འཐབ་ཇུས་ཀྱི་ལེགས་བཤད་འདི་དག་ནན་ཏན་གྱིས་ལག་བསྟར་བྱེད་པའམ་ཡང་ན་རྩིས་མེད་དུ་གཏོང་བ་ནི་དམག་དཔོན་གྱི་ནུས་པ་ཁོ་ནར་རག་ལས་པ་སྟེ།     རིམ་པ་གཉིས་པའི་དམག་དཔོན་གྱིས་ཉེན་ཁ་ལས་གཡོལ་ཆེད་རྩ་དོན་དེ་དག་ལ་བརྩི་སྲུང་ནན་མོ་བྱེད་ཀྱི་ཡོད།    འོན་ཀྱང་དམག་དཔོན་རྩེ་གྲས་ཀྱིས་ནམ་ཡང་ཡུལ་བབ་དང་བསྟུན་པ་རེད།    ཚད་གཞི་ལས་བརྒལ་ནས་ལེགས་གྲུབ་བྱུང་བའི་མི་དེ་དག་སྤྱིར་བཏང་དུ་ལྷན་སྐྱེས་ཀྱི་རིག་སྟོབས་ཡོད་པའི་རྐྱེན་རེད།   རྒྱུ་མཚན་ནི་ཚད་གཞི་འདི་དག་ནི་རང་གི་བཀོད་འདོམས་རིག་རྩལ་བཙོ་སྦྱངས་བྱེད་པའི་རྒྱུན་ཤེས་ཙམ་ཡིན་པས།  

     སྐྱེས་ཐོབ་ཀྱི་ཤེས་རབ་ཅན་རྣམས་ཀྱིས་མིག་སྔའི་གནས་བབ་ལ་བསྟུན་ཆོག་པའམ་ཡང་ན་རང་ཉིད་ཀྱིས་ཁོར་ཡུག་ཚོད་འཛིན་བྱེད་ཐུབ་པའི་གནས་ཚུལ་འོག    གནས་ལུགས་དེ་དང་ལྡོག་ནས་ལག་ལེན་བྱེད་ཐུབ་པ་རེད།     རླབས་ཆེན་གྱི་སྤྱི་ཁྱབ་བཀོད་འདོམས་པས་རྒྱུན་སྲོལ་གྱི་འཐབ་ཇུས་དང་སྒྲིག་སྲོལ་གྱིས་རང་ཉིད་ཀྱི་རྐང་ལག་གཏན་ནས་སྡོམ་དུ་འཇུག་གི་མ་རེད།     འོན་ཀྱང་ཁོང་ཚོའི་བྱ་སྤྱོད་གང་ཡང་སྤྱི་ཡོངས་ཀྱི་ཐོག་(དམིགས་བསལ་ཁ་ཤས་ཕུད་)ཚད་གཞི་དེ་དག་དང་མཐུན་པ་བྱེད་ཀྱི་ཡོད།     འོས་འཚམ་གྱི་སྐབས་སུ་རྒྱུན་སྲོལ་འདོར་ཐུབ་པ་དེ་ནི་དམག་དཔོན་རླབས་ཆེན་དེ་ཚོའི་རྣམ་བསལ་བཀོད་འདོམས་ཀྱི་བྱང་ཚད་རེད།  

     སྒྲེ་མོ་ཐྲི་ནེ་སི(Demosthenes,德摩斯梯尼) ཡིས་རྩོད་ཐབས་བྲལ་བའི་རྒྱུ་རྐྱེན་ཨང་དང་པོ་ནི་ཧུར་བརྩོན་ཡིན་པ་དང་།    རྒྱུ་རྐྱེན་གཉིས་པ་ནི་ཧུར་བརྩོན་ཡིན་ལ།   རྒྱུ་རྐྱེན་གསུམ་པ་ཡང་ཧུར་བརྩོན་རང་ཡིན་ཞེས་གསུངས་པ་རེད།     ང་ཚོའི་དུས་རབས་འདིར་བསླེབས་སྐབས་རྩོད་ཐབས་བྲལ་བའི་རྒྱུ་རྐྱེན་གཙོ་བོ་གསུམ་པོ་འཐབ་ཇུས་དང་འཐབ་རྩལ་ཐོག་ཏུ་སྤྱོད་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད།    དམག་དཔོན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཚོར་བ་སྐྱེན་པོ་དང་བྱ་སྤྱོད་མྱུར་མོར་སྤེལ་དགོས།    ཁོང་ཚོའི་འགན་འཁྲི་ནི་བྱ་སྤྱོད་ཀྱི་ཐབས་ཇུས་བཟོ་བ་དང་འཐབ་ཇུས་ཀྱིས་བྱ་སྤྱོད་ལ་ནོར་འཛོལ་ཡོང་བར་སྔོན་འགོག་བྱ་རྒྱུ་དེ་ཡིན་ཞིང་།    རྒྱུན་འཁྱོངས་ལྷོད་མེད་དང་ལག་རྩལ་ཁྱད་དུ་འཕགས་པའི་སྒོ་ནས་འཆར་གཞི་ལག་བསྟར་བྱེད་ཐུབ་མཁན་དག་ནི་གདོན་མི་ཟ་བར་གྲགས་ཅན་གྱི་དམག་དཔོན་ཞིག་ཏུ་འགྱུར་གྱི་རེད།  ཧྥེ་ལེའུ་སི(Fabius,费比乌斯) ཡི་འཐབ་རྩལ་རིགས་ལམ་ལྟར་ན་དམག་དཔུང་གིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འགུལ་སྐྱོད་མཚམས་མི་འཇོག་པ་བྱ་དགོས་པ་མ་ཡིན་པར།   དུས་ཚོད་འོས་འཚམ་ཞིག་གི་ནང་ལ་འགུལ་སྐྱོད་ཀྱང་འོས་འཚམ་ཞིག་བྱ་དགོས་ཤིང་།   དམག་མི་རྣམས་ཀྱི་རྐང་པ་གཉིས(དེ་དང་འདྲ་བར་ཁོ་ཚོའི་འདོད་ཚུལ་ཡང་འདུས་ཡོད)ལ་བརྟེན་ན་མ་གཏོགས་ཁོ་ཚོའི་སྤྱི་ཁྱབ་བཀོད་འདོམས་པས་ཀླད་པ་དང་སྤྲོ་སེམས་བཏོན་ནས་གཡུལ་འགྱེད་ཐེངས་གཅིག་གམ་ཛ་དྲག་ཆེ་བའི་མཉམ་རུབ་དམག་འཐབ་ཀྱི་རྒྱལ་ཁ་ཐེངས་གཅིག་ལེན་མི་ཐུབ་པ་ནི་བཤད་མ་དགོས་པ་རེད། 

     ཚན་རིག་གཞན་དག་དང་འདྲ་བར་འཐབ་ཇུས་ཀྱང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ།    ཀླ་ཀློའི་རང་གཤིས་ཅན་གྱི་ཚོ་བ་ཞིག་གིས་ཟས་རིགས་དང་།    ལྕགས་རིགས།     དེ་མིན་དགྲ་བོའི་ལག་ནས་ཐོབ་པའི་དངོས་རྫས་གཞན་དག་གང་རུང་ཞིག་གི་ཆེད་དུ་ཚོ་བ་གཞན་ཞིག་ལ་སྙིང་རྗེ་མེད་པའི་སྒོ་ནས་བཙན་འཛུལ་བྱེད་པ་ནི་དེའི་ཆེས་ཐོག་མའི་མཚོན་ཚུལ་ཞིག་རེད།      བཙན་འཛུལ་གྱི་ལག་རྩལ་དང་།    མྱུར་ཚད།     ཕར་རྒོལ་གྱི་འཐབ་ཇུས་དེ་འཕེལ་རྒྱས་བྱུང་བ་རེད།    བཙན་འཛུལ་ཐེབས་པའི་ཚོ་བ་རྣམས་ཀྱིས་འགྲོ་ལམ་བཅད་པ་དང་།     གཡང་གཟར་བཀག་པ།    གྲུ་ཁ་སྲུང་བ།     ནགས་ཚལ་ཁྲོད་དུ་གབ་ནས་སྡོད་པ་བཅས་བྱེད་ཅིང་།    སྟབས་བདེའི་བྱ་སྤྱོད་དེ་དག་གི་ཁྲོད་ནས་སླར་ཡང་འགོག་སྲུང་གི་འཐབ་ཇུས་བཙུགས་པ་རེད།    སྟོབས་ལྡན་ཕྱོགས་ཀྱིས་རྒྱུན་པར་ཐབས་རྩལ་ཅུང་ཉུང་སྟབས་བདེ་བའི་ཕྱོགས་མཚོན་ཞིང་།      རྒྱུན་དུ་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་དགོས།    ཉམ་ཆུང་ཕྱོགས་ཀྱིས་གང་སར་རང་ཉིད་ཀྱི་ཞན་ཆ་སྲུང་བཞིན་ཡོད་ལ།     དེ་ལས་ལྡོག་སྟེ་ཐབས་རྩལ་མང་པོ་དང་དོན་སྙིང་ཅན་མངོན་བཞིན་ཡོད།     དམག་འཁྲུག་གི་ཚན་རིག་དང་དམག་འཁྲུག་གི་སྒྱུ་རྩལ་ནི་སྟབས་བདེ་བའི་ངང་ཚུལ་དེ་ཚོའི་ནང་ནས་འཚར་ལོངས་བྱུང་བ་ཞིག་རེད།    དེང་སང་གི་ཆེས་རླབས་ཆེ་བའི་རྒྱལ་ཁབ་ཡོད་ཚད་ཀྱི་ནང་དུ་དམག་འཁྲུག་གི་སྒྱུ་རྩལ་ནི་ལག་རྩལ་དང་ཚན་རིག་ཡོད་ཚད་འདུས་པར་མ་ཟད།     ཐ་ན་ལག་རྩལ་དང་ཚན་རིག་དེ་དག་གི་རིན་ཐང་གཙོ་བོ་ཡང་དམག་འཁྲུག་གི་སྒྱུ་རྩལ་ལ་ཞབས་འདེགས་ཞུ་བར་གྱུར་ཡོད། 

      འཐབ་ཇུས་དང་འདྲ་བར་འཐབ་རྩལ་དང་།    མཁོ་སྒྲུབ།     ལས་གྲྭ་བཅས་ཀྱང་གནའ་རབས་ནས་དེང་རབས་བབར་དུ་བྱུང་བ་ཞིག་ཡིན་པས་འཐུས་སྒོ་ཚང་བའི་མྱུར་ཚད་ཧ་ཅང་འགོར་པོ་ཡོད་པ་རེད།      གནའ་རབས་ཀྱི་མིས་འཐབ་རྩལ་དང་།   རྩ་འཛུགས།    དམག་སྦྱོང་བཅས་འཕེལ་རྒྱས་ཧ་ཅང་ཆེན་པོ་གཏོང་གི་ཡོད་ཅིང་།     ཁོ་ཚོས་གཡུལ་སྐབས་འགར་འགྲན་ཟླ་བྲལ་བར་སྤྱོད་ཀྱི་ཡོད།    མཁོ་སྒྲུབ་ཀྱི་གནད་དོན་དེ་བལྟོས་བཅས་ཀྱི་ཐོག་ནས་བཤད་ན་སྟབས་བདེ་ཙམ་དགོས།     གང་ཡིན་ཟེར་ན།    སྐབས་དེའི་དམག་དཔུང་གི་གཞི་ཁྱོན་ཆེན་པོ་མེད་པར་མ་ཟད།    ད་ལྟ་ནང་བཞིན་གྱི་མཁོ་སྤྲོད་དངོས་རྫས་མང་པོ་དེ་འདྲ་ཁྱེར་དགོས་དོན་མེད་པའི་རྐྱེན་གྱིས་རེད།   




 འབོལ་རྩོམ། 


རང་དབང་གི་རྒྱལ་ཁབ་ཨ་རི།  ཨ་མཁར་འདྲེ་སྨྱོན།



                       








ཡོང་ཁུངས།     གུ་ཡངས་ཚང་།

རྩོམ་སྒྲིག་པ།     སྟོབས་ལྡན། 

 བྲེ        15297068265

                  སྐད་འཕྲིན།   gyjn1297



       












宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章