མེ་ཏོག་བསྐྱལ་བ།ཡིག་སྒྱུར་བ། གྲུ་ཆུང་།

文摘   2023-06-28 09:11   青海  




མེ་ཏོག་བསྐྱལ་བ།


ཡིག་སྒྱུར་བ། གྲུ་ཆུང་།

རྩོམ་ཁུངས། ཡ་ཧུ་དཱ་པའི་བྱིས་སྐྱོང་སློབ་གསོའི་དེབ།


    འཚོ་བའི་བདེན་ལུགས་ནི་ལྐོག་གྱུར་ཞིག་གཏན་ནས་མ་ཡིན། ནམ་རྒྱུན་ཚང་མས་བརྗེད་སོང་བ་མ་གཏོགས་བདེ་སྐྱིད་ཀྱི་འབྱུང་ཁུངས་གང་ཡིན་རྟོགས་ཡོད། དེ་བས་འདི་ནི་ད་གཟོད་དངོས་གནས་ཅུང་རྟོགས་པར་དཀའ་བ་ཞིག་རེད།

    གཏམ་རྒྱུད་འདི་ནི་ཡ་ཧུ་དཱ་པའི་དུར་སྲུང་བ་ཞིག་གི་དངོས་བྱུང་བརྒྱུད་རིམ་ཞིག་རེད། ཡེ་ལུའུ་སཱ་ལན་གྱི་སྤྱི་བའི་དུར་ས་ཞིག་ཏུ། ལོ་འགར་བསྟུད་མར་གཟའ་འཁོར་རེ་རེར་བྱམས་ལྡན་གྱི་ཡ་ཧུ་དཱའི་དུར་སྲུང་བ་དེར་ཕན་ཚུན་ངོ་མི་ཤེས་པའི་བུད་མེད་ཅིག་གི་འཕྲིན་ཡིག་འབྱོར་ལ། འཕྲིན་ཡིག་ཏུ་གཞན་ཤོག་སྒོར་ཡང་བཞག་ཡོད། གཟའ་འཁོར་རེར་མེ་ཏོག་ཉོས་ཏེ་མོའི་བུའི་དུར་མདུན་དུ་འཇོག་དགོས་ཞེས་བྲིས་ཡོད་པ་རེད།

    རྗེས་ཀྱི་ཉིན་ཞིག་ལ། ཁོ་གཉིས་ངོ་འཕྲད། ཉིན་དེར། རླངས་འཁོར་ཆུང་བ་ཞིག་སྤྱི་བའི་དུར་ས་དེའི་སྒོ་ཁར་བསྡད་ཅིང་། ཁ་ལོ་བ་བྲེལ་འཚུབ་ཀྱིས་དུར་སྲུང་བའི་ཁང་མིག་ཏུ་ཡོང་ནས་ན་རེ། "ལྕམ་མོ་ལགས་སྒོ་ཁའི་རླངས་འཁོར་ནང་དུ་ཡོད། མོ་ན་ཡི་འདུག་པས་འགྲོ་མི་ཐུབ། ཁྱེད་རང་མོ་སར་འགྲོ་རོགས"ཟེར།

    ལོ་ཡར་གསེག་གི་བུད་མེད་ཅིག་རླངས་འཁོར་དུ་འདུག་ལ། ཐོབ་གོ་ས་ཅན་ཞིག་གི་རྣམ་པ་ཡོད་པ་རེད། འོན་ཀྱང་། མིག་མདངས་ལ་སྐྱོ་གདུང་གིས་ཁེངས་ཏེ་འོད་མདངས་གང་ཡང་མི་འདུག མོས་མེ་ཏོག་ཚོམ་བུ་ཆེན་པོ་ཞིག་པང་ཡོད།

  མོས "ང་ནི་ལྕམ་མོ་ཡ་ཏིང་ཡིན། ལོ་འདི་འགར་ངས་གཟའ་རེར་ཁྱེད་ལ་སྒོར་མོ་བསྐུར་ཏེ་་་་་་་།"

  "མེ་ཏོག་ཉོ་རུ་བཅུག" དུར་སྲུང་བས་དེ་ལྟར་ལན་བཏབ།

  "མ་འཆུག་ཐལ། ངའི་བུ་ལ་ཉོས་པ་ཡིན།"

  "ལྕམ་མོ་ལགས། ངས་ཐེངས་གཅིག་ལའང་མེ་ཏོག་འཇོག་རྒྱུ་བརྗེད་མ་མྱོང་།"

   ཡ་ཏིང་ལྕམ་མོས་བྱམས་བརྩེའི་ངང་ནས"དེ་རིང་ང་དངོས་སུ་ཡོང་དོན་ནི། སྨན་པས་ང་རང་གཟའ་འཁོར་འགའ་ལ་འདུག་ཐུབ་རྒྱུ་མ་རེད་ཟེར། ཤི་སོང་ན་བཟང་འདུག གསོན་ཡང་སྙིང་བོ་མི་འདུག  དེ་བས་ངས་དངོས་སུ་མེ་ཏོག་འགའ་བཞག་ནས་རང་གི་བུ་ཐེངས་གཅིག་རིག་བསམས་པ་ཡིན"ཞེས་བཤད།

    དུར་སྲུང་བ་དེ་སྐྱོ་བ་འདྲེས་མས་དགོད་ཙམ་བྱས་ཏེ། ད་དུང་ཚིག་འགའ་བཤད་རྒྱུར་ཐག་བཅད། 

  "ལྕམ་མོ་ལགས། ལོ་འདི་དག་ལ་ཁྱེད་ཀྱིས་རྒྱུན་དུ་ང་ལ་སྒོར་མོ་བསྐུར་ཏེ་མེ་ཏོག་ཉོ་རུ་འཇུག ངས་བསམ་ན་དེ་ནི་ཧ་ཅང་ཡིད་སྐྱོ་བའི་འཕྲོ་བརླག་ཅིག་རེད།"

   "མེ་ཏོག་གསར་བ་དག་དེ་རུ་བཞག་ཀྱང་། ཉིན་འགའ་འགོར་ན་སྐམ་འགྲོ  སྣོམ་མཁན་མེད་ལ་ལྟ་མཁན་ཡང་མེད། དངོས་གནས་འཕྲོ་བརླག་རེད།"

  "ཁྱོད་ཀྱིས་ངོ་མས་དེ་ལྟར་འདོད་དམ།"

  "འདོད། ལྕམ་མོ་ལགས། ཁྱེད་ཀྱིས་ཡ་མཚན་མ་འདོད་དང་། ངས་རང་ཉིད་རྒྱུན་དུ་སྨན་ཁང་དང་དྭ་ཕྲུག་ཁང་དུ་འགྲོ་དུས། དེ་གའི་མི་དག་མེ་ཏོག་ལ་དགའ་བ་དེ་དྲན་ཡོང་། ཁོ་ཚོ་མེ་ཏོག་ལ་སྣོམ་རྒྱུ་དང་ལྟ་རྒྱུར་དགའ། དེ་གར་ཚང་མ་མི་གསོན་པོ་རེད། འདིའི་དུར་ས་རུ་སུ་ཞིག་གསོན་ཡོད་དམ།"

    ལྕམ་མོ་རྒན་པ་དེས་ཅི་ཡང་མི་བཤད་པར་ཅུང་ཙམ་ལ་ཙོག་ནས་གསོལ་བ་བཏབ་རྗེས་བུད་སོང་།

    དུར་སྲུང་བ་དེ་རང་གིས་འདང་མ་བརྒྱབ་པར་གཏམ་དྲང་བོར་བཤད་པས་བུད་མེད་རྒན་པ་དེར་སྡུག་བསྔལ་བཟོད་ཐབས་མེད་པ་བསྐྱེད་པར་འགྱོད་པ་སྐྱེས། 

    ཡིན་ན་ཡང་ཟླ་འགའི་རྗེས་སུ། བུད་མེད་དེ་གློ་བུར་དུ་འཚམས་འདྲིར་ཐོན་བྱུང་བར་དུར་སྲུང་བ་དེ་ཧ་ལས་སུ་བཅུག་སོང་། ཐེངས་དེ་ནི་མོ་རང་གིས་རླངས་འཁོར་སྐོར་ནས་ཡོང་བ་རེད།

   "ངས་མེ་ཏོག་ཡོད་ཚད་ས་དེ་གའི་མི་རྣམས་ལ་བྱིན་ཡོད།" མོས་སྙིང་ཉེ་བས་སྒོ་ནས་འཛུམ་དང་བཅས་དུར་སྲུང་བ་ལ་དེ་ལྟར་བཤད། "ཁྱོས་བཤད་པ་ངོ་མ་རེད། ཁོ་ཚོས་མེ་ཏོག་མཐོང་ཚེ་ཧ་ཅང་དགའ། དེས་ང་ལའང་སྤྲོ་བ་སྟེར། ངའི་ནད་ཀྱང་ཇེ་དགའ་རུ་ཕྱིན། སྨན་པས་མི་ཤེས་པ་དེ་ཅི་ཡིན་མི་རྟོགས་མོད། འོན་ཀྱང་ངས་ཤེས། ངས་བསམ་ན་གསོན་པ་ལ་ད་དུང་སྤྱོད་སྒོ་ཞིག་འདུག"

    ངོ་མ་བཟང་གི  མོས་ང་ཚོ་ཚང་མས་ཤེས་ནི་ཤེས་ཡོད་ནའང་རྒྱུན་དུ་བརྗེད་པར་གྱུར་བའི་གནས་ལུགས་ཤིག་རྙེད་འདུག  ང་ཚོ་གསོན་ཐོག་ཏུ་གཞན་ལ་སྤྱོད་སྒོ་རེ་ཡོད་ན་ད་གཟོད་སྐྱིད་པར་བསམས།

    ཇི་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་འཚོ་བར་དོན་སྙིང་ལྡན་པ་དང་། ཡིད་ཚིམས་ལ་སྐྱིད་པོ་ཡོང་ངམ་ཞེ་ན། 《ཊལ་མུ་ཌི》ལས་ཚིག་གཅིག་གིས་བཤད་ན། "རང་ཉིད་གསོན་དུས་གཞན་ལ་སྤྱོད་སྒོ་ཡོད་པ་ཞིག་བྱས་ན་ད་གཟོད་སྐྱིད"ཅེས་པས་མཚོན། རྒྱུ་མཚན་ནི་མི་ཚེའི་རིན་ཐང་ནི་རང་ཉིད་ཁོ་ནའི་སྟེང་ཡོད་པ་མ་ཡིན་པར་ཆེས་མང་ཆེ་བ་ནི་རང་ཉིད་ཀྱིས་གཞན་ལ་བྱས་རྗེས་བཞག་པ་ལས་འཐོབ་པ་རེད།



བསྒྱུར་རྩོམ། 

ཉི་ཧོང་གིས་ཡང་དང་བསྐྱར་དུ་ནོ་པེར་བྱ་དགའ་ལེན་པའི་གསང་བ།

ཧང་སངས་བའི་འཕྲིན་གསར།

ཆེས་དམའ་རིམ་ནས་བསྒྲུབ་པར་བྱ།  ཨ་མཁར་འདྲེ་སྨྱོན་གྱིས་བསྒྱུར།

ཡ་ཧུ་དཱ་པའི་མི་སྣ་གྲགས་ཆེན། 犹太名人堂

འགྲན་ཟླ་བྲལ་བའི་ཡ་ཧུ་དཱ་པ། 了不起的犹太人

ཡ་ཧུ་ད་པའི་ཤེས་རབ་ལེགས་བཤད།  犹太人智慧格言

འཐབ་འཁྲུག་བཟང་ཞེས་གླེང་མཁན་ནི་གླེན་ནག་རེད། སྟོབས་ལྡན།

འཛམ་གླིང་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་བའི་གྲགས་རྩོམ།ཆ་ཚང་།སྟོབས་ལྡན།

མི་ཚེའི་གོམ་པ་ཐོག་མ།     སྟོབས་ལྡན་གྱིས་བསྒྱུར།

འཛམ་གླིང་གི་ཕྱུག་བདག་ཨང་དང་པོ།  མ་སི་ཁི།

དགེ་རྒན་གྱིས་འཕྲོག་མ་ཐུབ་པའི་ཕུགས་བསམ། ཡིག་སྒྱུར་བ།  གྲུ་ཆུང་།

ཤེས་རབ་ཀྱིས་ལས་དབང་བསྒྱུར་བ། ཡིག་སྒྱུར་བ། གྲུ་ཆུང་།

བུ་རྐང་གཅིག་ལག་གཅིག ཡིག་སྒྱུར་བ། གྲུ་ཆུང་།







རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།

宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章