མགོ་འབྲེག་དག སྟོབས་ལྡན།

文摘   2023-06-27 07:59   青海  




མགོ་འབྲེག་དག


སྟོབས་ལྡན།


ཆོས་མདོ་སྔགས་གཉིས་ཀྱིས་མ་ཐུལ་བའི།།

མ་བུ་མོར་འཁྲེང་བའི་སེམས་ནད་དེ།།

ཕྱི་ཚུལ་འཆོས་ཙམ་གྱིས་མ་གཡོགས་ནས།།

གྲོང་སྡེ་ཆེན་གཞུང་ལ་ཕེབས་ཤོག་ཨ།།


བསྟན་ལུང་རྟོགས་གཉིས་ཀྱིས་མ་བསལ་བའི།།

ཡུལ་སྣང་བར་ཞེན་པའི་སེམས་སྐྱོན་དེ།།

ཁ་ཕོ་རུས་ཙམ་གྱིས་མ་བསྐུང་ནས།།

གཞིས་འཁོར་བའི་གླིང་ལ་ཕེབས་ཤོག་ཨ།།


ལམ་མཐོང་སྒོམ་གཉིས་ཀྱིས་མ་གྲོལ་བའི།།

ཚེ་འདི་ལ་ཆགས་པའི་གཅོང་ནད་དེ།།

གོས་དམར་སེར་གཉིས་ཀྱིས་མ་བཏུམ་ནས།།

གནས་གཏན་ཡུལ་མི་ཡི་ཞིང་ལ་ཕེབས།།


སེམས་ངེས་འབྱུང་བསྒོམས་པས་མ་ཕན་པར།།

ཕྱི་ཚོགས་དྲུག་ཡུལ་ལ་ཞེན་ཆགས་ཆེ།།

སྡོམ་སོར་ཐར་བླངས་བའི་ཡུད་ཙམ་ལས།།

དགྲ་ཉོན་མོངས་འདུལ་རྫོ་ཕ་རོལ་རི།།


སེམས་སྨོན་འཇུག་བསྐྱེད་པས་མ་ཡོང་བར།།

བློ་ཕྱོགས་རིས་ཆུ་བོ་བཞུར་བཞུར་ལ།།

ནང་བྱང་སྡོམ་རློམ་པའི་ཁེངས་པ་ལས།།

ཕྱོགས་རིས་མེད་སྙིང་རྗེ་དེ་མོ་ཙམ།།


སྒོམ་བསྐྱེད་རྫོགས་ཟབ་མོས་མ་ཐུབ་པར།།

གཞི་གཉིས་སྣང་གཏི་མུག་ཇེ་ཆེ་ལ།།

སྔགས་སྡོམ་པ་ཡོད་མདོག་ཁ་ཕོ་ལས།།

རང་རིག་པའི་ཡེ་ཤེས་དེ་ཀ་ཙམ།།


ཕྱི་འདུལ་སྡོམ་སྲུང་མདོག་ཞོམ་ཞོམ་ཞོམ།།

སེམས་བྱང་སྡོམ་ལྡན་མདོག་སྒམ་སྒམ་སྒམ།།

ནང་སྔགས་ཤེས་མདོག་གྲུང་གྲུང་གྲུང་།།

དོན་བདག་ཉམས་རང་སྐུབས་བརྡོལ་ནས་ཡོད།།


ལར་ཆོས་ལུགས་ཟེར་བའི་གཡེར་ཅན་དེ།།

མིའི་ལག་ཏུ་མི་ལོན་ཁ་ཆུ་ཙམ།།

དུག་ཉོན་མོངས་ཟེར་བའི་བླ་ཤོར་འདི།།

སྤོང་ཟེར་བ་ཨ་ཐང་ཆད་པའི་རྒྱུ།།


2016/6/3/13:49





རྩོམ་སྒྲིག་པ། སྟོབས་ལྡན། 

གཙོ་གཉེར། གུ་ཡངས་སྤྱི་གཉེར།


宽阔平台
བོད་ཀྱི་རིག་གནས་དར་སྤེལ། 推广藏族文化 ཤེས་རིག་གི་འཇིག་རྟེན། བསམ་གཞིག་གི་ཕ་ས། 知识的世界, 思维之乡
 最新文章