ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་འགོ་བརྩམས་པ།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ལུའོ་ཏུང་ཁྲོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ཟླ1པོའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི385ཡོད་པ་དང་། དངོས་སུ་ཞུགས་པའི་མི362ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལི་མིང་དང་དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིང་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཧྲེང་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་བསྡོམས་པས་ཁག་གསུམ་ཡོད་པ་དང་། ཁག་དང་པོས2024ལོའི་བྱ་བར་ཕྱིར་ལྟ་བྱས་པ་དང་། ཁག་གཉིས་པ་ནི2025ལོའི་དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོ་ཡིན་ལ། ཁག་གསུམ་པ་ནི་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས་པ་བཅས་རེད།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་ནི། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་ཤིང་། ཞབས་རྗེས་ཀྱི་འོད་སྣང་མཐོ་སྒང་གི་ས་གཞི་ཆེན་པོར་བཀོད་པ་དང་། མངགས་བཅོལ་ཟབ་མོས་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བར་མཛད། ཐུགས་ཁུར་ཟབ་མོས་མང་ཚོགས་ཀྱི་སེམས་པའི་ཞིང་ས་བརླན་པས། ང་ཚོས་སྔར་ལས་མཐོ་བའི་སྤོབས་པའི་རྣམ་པས་འཐབ་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས། ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཁྲོད་བརྟན་བརླིང་ལ་སྐུལ་སྤེལ། གསར་འཛུགས་རྙིང་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཟབ་ཞུགས་ཞབས་ཞུ་བྱེད་པའི་ཁྲོད་འགན་འཁྲི་མངོན་པ་དང་། འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་རང་འགུལ་གྱིས་བྱ་བ་སྒྲུབ་པ། དཀའ་ཁག་འགྲན་སློང་གདོང་གིས་བསུ་སྐབས་ངར་བསྐྱེད་མདུན་བསྐྱོད་དང་། འགན་འཁྲི་ཕྲག་ཁུར་གྱིས་སྐྱེ་ཁམས་ཁོར་ཡུག་སྤུས་འདེགས་ལེགས་བསྒྱུར་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་དཔལ་འབྱོར་འཁོར་བསྐྱོད་ཡར་འཕེལ་ཇེ་ལེགས་དང་། རིགས་བསྒྱུར་རིམ་སྤར་གྱིས་ཁྱད་ལྡན་ཐོན་ལས་གཅིག་བསྡུས་ཡར་རྒྱས། བདེན་སྲུང་གསར་གཏོད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་སྐུལ་འདེད། དམངས་བདེ་དམངས་ཕན་གྱིས་དམངས་འཚོའི་ལས་དོན་སྔར་ལས་དྲོད་ཁོལ་ལྡན་པར་བྱེད་པ། མཉམ་འཛུགས་མཉམ་བཅོས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་བདེ་འཇགས་བརྟན་བརླིང་ཡོང་བ་བཅས་བྱས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་བརྟན་བརླིང་གི་གོམ་སྟབས་གསར་པ་སྤོས་ཡོད།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་ལ་ཕྱིར་བལྟ་བྱས་ན། ང་ཚོ་སྔར་མེད་ཀྱི་འགྲན་སློང་ལ་འཕྲད་པ་དང་། འབད་བརྩོན་བྱས་པ་ནི་བློ་ཡུལ་ལ་ཤོངས་དཀའ་ཞིང་། ཐོབ་པའི་གྲུབ་འབྲས་ཀྱིས་ཡིད་སེམས་དགའ། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་བྱས་པར་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ནན་འཛིན་དངོས་སྒྲུབ་དང་། འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས། སྤྱི་ཚོགས་ལས་རིགས་སོ་སོས་ལྟ་ཞིབ་ནུས་ལྡན་དང་རྒྱབ་སྐྱོར་བླ་ལྷག་བྱས་པའི་གྲུབ་འབྲས་ཀྱང་ཡིན། ཞིན་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་དང་འཛུགས་སྐྲུན་མཁན། ལས་སྒོ་གསར་གཏོད་པ་བཅས་ཀྱིས་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད། དུས་མཚུངས་སུ། ང་ཚོས་གསལ་པོར་མཐོང་བ་ནི་ཕྱི་རོལ་གྱི་ཁོར་ཡུག་རྙོག་དྲ་དང་འགྱུར་ལྡོག་ཆེ་ཞིང་། ངེས་གཏན་མིན་པའི་རང་བཞིན་འཕར་སྣོན་འབྱུང་བཞིན་ཡོད། ང་ཚོས་དཀའ་ཁག་དང་གནད་དོན་ལ་གདོང་གཏད་དེ། ཐབས་བརྒྱ་ཇུས་སྟོང་གིས་གནད་དོན་ཐག་གཅོད་དང་སྟོབས་ཤུགས་ཡོད་རྒུས་ལེགས་བཅོས་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲིན་ལན་གཞལ་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ད་ལོ་ནི“ལྔ་བཅུ་བཞིའི”འཆར་གཞི་མཇུག་བསྒྲིལ་བའི་ལོ་དང་། “ལྔ་བཅོ་ལྔའི”འཆར་གཞི་འཆར་འགོད་བྱེད་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། རྒྱལ་ཕྱི་ནང་གི་གནས་བབ་ལ་ཞིབ་ལྟ་བྱས་ཚེ། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་གིས་བསྐྱེད་པའི་ཤུགས་རྐྱེན་ངན་པ་ཇེ་ཆེར་འགྲོ་བཞིན་ཡོད་མོད། ཡིན་ཡང་། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་རིང་པོར་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་ལ། སྔར་ལས་ནུས་ལྡན་གྱི་ནོར་སྲིད་སྲིད་ཇུས་དང་དམ་ལྷོད་འོས་འཚམས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་ནུས་པ་རིམ་བཞིན་ཕྱིར་གཏོང་བྱེད་བཞིན་ཡོད་པ་དང་། འཕེལ་རྒྱས་ཁོར་ཡུག་དང་འཕེལ་རྒྱས་གནས་སྟངས་ཇེ་ལེགས་ཇེ་བཟང་ཡིན། རང་ཞིང་འཕེལ་རྒྱས་ཀྱི་གོ་སྐབས་མང་པོར་འཕྲད་ཡོད་པ་དང་། ཐོན་ལས“གནས་བཞིའི”འཕེལ་རྒྱས་ཀྱི་གནས་སྟངས་དང་། ལྗང་མདོག་གློག་རྩིས་མཐུན་སྦྱོར་རྗེས་འཕེལ་གྱི་ལེགས་ཆ་ཉིན་བཞིན་མངོན་གསལ་ཡིན། ང་ཚོས་རྩོད་སྒྲུབ་ཀྱིས་གནས་བབ་ལ་བལྟ་དགོས་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་དངོས་གནས་ཇེ་དྲག་ལ་གཏོང་བ་དང་། བློ་སེམས་གཅིག་མཐུན་གྱིས་ཡང་བསྐྱར་མཐོ་གནས་ལ་འཛེགས་པ་དང་། ལེགས་ཆ་འདོན་སྤེལ་གྱིས་གནས་སྟངས་གསར་པ་ཕྱེ་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་སྔར་ལས་ཆེ་བའི་ཡར་རྒྱས་བརྩོན་ལེན་བྱེད་དགོས།
ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྷག་ལུས་མེད་པར་དོན་འཁྱོལ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པ། བརྒྱད་པའི་བླང་བྱ་ལྟར། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་བཙུགས་ཏེ། འཐུས་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། འཕེལ་རྒྱས་གསར་པའི་གནས་སྟངས་ལ་མགྱོགས་མྱུར་ངང་ཟབ་ཞུགས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུན་འཁྱོངས། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས། ཡིན་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་ཡར་རྒྱས་ཇེ་ལེགས་ལ་སྐུལ་འདེད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ནས་མཐོར་འདེགས་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། “ལྔ་བཅུ་བཞིའི”འཆར་འགོད་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་དང་། “ལྔ་བཅོ་ལྔ”འགོ་ལེགས་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་བ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར4.5%ཡས་མས་འཕར་བར་བྱས་ནས་གྲུབ་འབྲས་སྔར་ལས་ལེགས་པོ་བརྩོན་ལེན་བྱེད་པ། མཁར་གྲོང་གི་གསར་འཕར་ལས་ཞུགས་མི་ཁྲི6ཡན་ལ་བསླེབ་པར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི106ཡན་ལ་བསླེབ་པར་བྱས་ནས། མཁར་གྲོང་གི་བརྟག་དཔྱད་ཟིན་ཐོར་ཚུད་པའི་ལས་ཀ་ཤོར་ཚད5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་ལ་བསླེབ་པར་བྱ་རྒྱུ། སྡོད་དམངས་ཀྱི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་གཅིག་མཚུངས་སུ་གཏོང་རྒྱུ། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི110ཡན་ལ་བསླེབ་པ་རྒྱུན་འཁྱོངས་བྱ་རྒྱུ། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན་དང་རྫ་ཆུ་བཅས་ཀྱི་ཞིང་ཆེན་ས་མཚམས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསⅡཔའི་ཡན་ལ་བསླེབ་པར་རྒྱུན་འཁྱོངས་བྱེད་པ་དང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.3%ཡན་ལ་བསླེབ་པར་བྱ་རྒྱུ། “ལྔ་བཅུ་བཞིའི”རིང་གི་ནུས་ཁུངས་ཟད་གྲོན་བྱེད་ཚད་ཇེ་དམའ་རུ་གཏོང་བ་དང་སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་བཙོག་གཏོང་ཉུང་གཏོང་གི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་པར། བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཁྲོད་བརྟན་བརླིང་ལ་སྐུལ་སྤེལ། བདེན་སྲུང་གསར་གཏོད། གསར་འཛུགས་རྙིང་གཏོར་བཅས་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ནུས་ལྡན་ཁྲོམ་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་དང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ཤུགས་གསར་པ་གསོ་སྐྱོང་དང་སྒུལ་ཤུགས་རྙིང་པ་གསར་བསྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཚད་བསྐྱར་བཀོལ། སྤུས་ཚད་མཐོར་འདེགས་དང་སྤྱི་འབོར་ཆེ་རུ་གཏོང་བ་བཅས་ཀྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་དགོས། དམིགས་འབེན་སྣེ་ཁྲིད་ལ་སྔར་ལས་མཐོང་ཆེན་དང་། སྲིད་ཇུས་དོན་འཁྱོལ་ལ་སྔར་ལས་མཐོང་ཆེན། མ་ལག་སྐུལ་སྤེལ་ལ་སྔར་ལས་མཐོང་ཆེན། གོ་སྐབས་ཤུགས་ཚད་ལ་སྔར་ལས་མཐོང་ཆེན། ཞན་ཆ་ཁ་གསབ་ལ་སྔར་ལས་མཐོང་ཆེན་བྱས་ཏེ། གཤམ་གྱི་ཕྱོགས་བདུན་གྱི་བྱ་བའི་གཙོ་གནད་ལེགས་པོར་འཛིན་དགོས། གཅིག་ནས་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་དམིགས་པ་དང་། སྐྱེ་ཁམས་བྱེད་ནུས་ཆེ་ཤོས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་གནས་སྟངས་ཆེན་པོ་བཙུགས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམས་འཛིན་ཡོང་བར་བརྟན་ཞིང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། གཉིས་ནས་དགོས་མཁོ་རྒྱ་བསྐྱེད་རྒྱུར་དམིགས་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་ལེགས་འཕེལ་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་གསོན་ཤུགས་སློང་བ། ནུས་ལྡན་མ་འཇོག་རྒྱ་བསྐྱེད་དེ། ཚོང་འགུག་དངུལ་འདྲེན་དམ་འཛིན་ནན་མོ་བྱེད་དགོས། གསུམ་ནས་ཐོན་ཁུངས་ཀྱི་གཙོ་རྒྱུ་གཅིག་སྡུད་བྱེད་པ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་གྱི“གནས་བཞི”མཉམ་སྐུལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་ཇེ་མགྱོགས་སུ་བཏང་སྟེ། སྤུས་ལེགས་ཕྱོད་མཐོ་ཡིན་པའི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་དགོས། བཞི་ནས་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ལ་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་ལས་སློང་བ། མཚོན་རྟགས་རང་བཞིན་གྱི་བཅོས་བསྒྱུར་དངོས་འབེབས་ཕན་འབྲས་འབྱུང་བར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། ལྔ་ནས་ཉེན་ཁ་འགོག་ཟོན་དང་ཐག་གཅོད་ལ་དམིགས་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཐིག་བརྟན་སྲུང་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཕན་ནུས་ལྡན་པའི་སྒོ་ནས་འགོག་སེལ་བྱེད་པ། རྒྱལ་ཁབ་འཐབ་ཇུས་ཀྱི་དབུས་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་སྔར་བས་ལེགས་པ་བྱས་ཏེ། སྤྱི་པའི་བདེ་འཇགས་མ་ལག་གི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་པ་དང་། མཁར་གྲོང་མཉམ་འདྲེས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་དགོས། བདུན་ནས་སྤུས་ལེགས་འཚོ་བ་གསར་གཏོད་བྱེད་པར་དམིགས་པ་དང་། མཐོ་སྒང་དམངས་འཚོ་འགན་སྲུང་གི་མཚོ་སྔོན་གྱི་མ་དཔེ་བསྐྲུན་པ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ལྡན་ཞིང་ཆེན་གྱི་འཐབ་ཇུས་ལག་བསྟར་བྱེད་པ། ཆུ་ཚད་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་ཚགས་དམ་པོར་བཟོ་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་དགོས། ང་ཚོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གཉིས་བཀུར་མཉམ་འཛུགས་ཟབ་མོར་སྤེལ་ཏེ། དམག་དམངས་ཀྱི་བརྩེ་བ་ཉ་དང་ཆུ་མོ་བཞིན་ཟབ་པའི་དུས་རབས་གསར་པའི་ལེའུ་འབད་པ་ཆེན་པོས་མུ་མཐུད་དུ་འབྲི་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། གནས་བབ་གསར་པ་དང་འགན་འཁྲི་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣས་ཆབ་སྲིད་ཁྲིད་སྟོན་རྒྱུན་འཁྱོངས་དང་ལས་སྒྲུབ་གཙོར་འཛིན། ཁུར་ལྕི་ཡང་ཕྲག་ཏུ་ལེན་པ་དང་། འགན་ལྕི་ཡང་དང་དུ་ལེན་པ། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་དང་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་ཚད་མགྱོགས་པོར་བཏང་སྟེ། ལངས་ཕྱོགས་སྔར་བས་མཐོན་པོས་ལྷག་བསམ་བརྟན་པོར་གཏོང་བ་དང་ཆུ་ཚད་སྔར་བས་མཐོན་པོས་ཁྲིམས་ལྟར་སྲིད་སྐྱོང་། ཁག་ཁུར་སྔར་ལས་ཆེན་པོས་དམངས་ཆེད་དངོས་དོན་སྒྲུབ་པ། སྔར་བས་གཟབ་ནན་ཆེན་པོས་སྤྱོད་གཙང་སྤྱི་གཞོལ་བཅས་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། དུས་རབས་གསར་པའི་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རེ་བ་ནན་མོ་བསྣམས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་ཟབ་མོ་དང་ཕུགས་འདུན་བཟང་པོ་ཡང་བཅོལ་ཡོད། མི་སུ་ཡང་མི་སྣ་གཙོ་བོ་ཡིན། བྱས་པའི་ལས་ལ་རིན་ཐང་མི་ལྡན་པ་མེད་ལ། བཏོན་པའི་རྔུལ་ཆུ་ལ་བཀྲག་མདངས་མི་འཚེར་བ་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བཅོས་བསྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། བློ་དཀར་གྱི་འདུན་པ་དང་དྲིན་གཟོ་བའི་འདུ་ཤེས། འགན་འཁུར་བའི་བྱ་སྤྱོད་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཧུར་ཐག་གིས་འབྲི་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ཅུན་རིམ་པའི་དམག་དཔུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་ཆེན་དུ་ཞུགས་པ་དང་ཟུར་ཞུགས་བྱས་ཏེ་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུའམ་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གདན་ཞུ་ལྟར་ཚོགས་ཆེན་དུ་ཞུགས་ཏེ་ཀྲུའུ་ཞི་སྟེགས་བུར་བསྡད་ཡོད།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུས་པར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཞིང་ཆེན་དམངས་ཆེན་སྡེ་ཁག་ཏུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ཐད་གཏོགས་སྡེ་ཁག ཕྱིར་མངགས་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མི། རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ཆེན་དུ་ཟུར་ཞུགས་བྱས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系