ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ལུའོ་ཏུང་ཁྲོན་གྲོས་ཚོགས་སུ་ཞུགས།
ཟླ1པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ་བ་རེད།
ཟླ1པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།
ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི385དང་དངོས་སུ་ཞུགས་པའི་འཐུས་མི364ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལི་མིང་གིས་འགོ་འཛིན་བྱས་པ་དང་། ལིའུ་ཆི་ཧྥན་དང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིང་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མེ་ཕིན་དང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ཧོ་ལུའུ་ཁྲུན། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ཅུན་རིམ་པའི་དམག་དཔུང་། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཚོགས་ཆེན་སྟེང་མིང་མི་འགོད་པར་འདེམས་ཤོག་འཕེན་པའི་རྣམ་པས་ཝུའུ་ཞའོ་ཅུན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་རེན་ལ་བདམས་པ་དང་། ལུའོ་ཏུང་ཁྲོན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བདམས། ལིའུ་མེ་ཕིན་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས། ལིའུ་ཀྲི་ཏེ་དང་། ཐང་ཝན་ཧྥེང་། ཧོའུ་ཕེང་ཉིང་། ཧོང་ཧྲི་ཧོ། ཁང་ལིང་། ཀེ་ཝུན་ཕིང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་དུ་བདམས། བརྡས་ཐག་བཅད་པ་བརྒྱུད་ཁང་ལིང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཀྲུའུ་རེན་ཨུ་ཡོན་དུ་བདམས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འཐུས་མི་ཡོངས་ལ་ཐུག་འཕྲད་གནང་བར་མ་ཟད། ཝུའུ་ཞའོ་ཅུན་གྱི་སྣེ་ཁྲིད་འོག་རྩ་ཁྲིམས་ལ་དམ་བཅའ་བཞག
ཚོགས་ཆེན་གྱིས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2025ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་བཅས་ལ་རིམ་བཞིན་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན།ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག དམངས་གཙོ་དར་སྤེལ་དང་། བདེན་འཚོལ་དོན་གཉེར་གྱི་ཚོགས་ཆེན་ཞིག་དང་། མཐུན་སྒྲིལ་འབད་བརྩོན་དང་། སྲོལ་བཟང་སྤྱོད་ལེགས་ཀྱི་ཚོགས་ཆེན་ཞིག་བཅས་རེད། གྲོས་ཚོགས་ཀྱི་བར་སྐབས་སུ། འཐུས་མི་རྣམ་པས་རབ་ཏུ་བརྟས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་ཤུགས་དྲག་པའི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་ཏུ་བསྟར་པ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཤིང་། དབང་ཆ་ཡང་དག་པར་སྤྱད་དེ། བསམ་པའི་ཉམས་བཟང་མངོན། ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། འཐུས་མི་ཡོངས་དང་། ཚོགས་ཞུགས་བློ་མཐུན་དང་ལས་སྒྲུབ་མི་སྣ་བཅས་ལ་སེམས་གཏིང་ནས་བཀའ་དྲིན་ཞུས།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་གྱིས་ང་རང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་། འཐུས་མི་རྣམ་པ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་རྟོན་གང་ལེགས་བྱས་པ་ཡིན་པས། ལས་འགན་རི་ལྟར་ལྕི་ཞིང་། འགན་འཁྲི་སྲ་ཞིང་བརྟན་པའི་ཚོར་སྣང་ཟབ་མོ་སྐྱེས་པས། དམ་ཚིག་ཡིད་ལ་དམ་པོར་འཛིན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་བར་བྱ་བ་དང་། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་དུ་ལེན་རྒྱུ་ཡིན་ལ། སྐབས་རིམ་བྱུང་གི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏིངས་པའི་རྨང་གཞི་བཟང་པོའི་སྟེང་། འཆར་གཞིའི་རི་མོ་མཐའ་འཁྱོལ་བར་འབྲི་བ་དང་། རྒྱུན་ཆད་མེད་པར་དོན་འཁྱོལ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་དུས་བསྟུན་མདུན་སྐྱོད་ཀྱིས་སྐུལ་འདེད་གཏོང་རྒྱུ་ཡིན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ།ང་ཚོར་དགོངས་པའི་མཛུབ་སྟོན་གལ་ཆེན་དང་བསམ་པའི་སྐུལ་སློང་དྲག་པོ་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་བསྩལ་མྱོང་། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ད་ལྟའི་འདི་འདྲ་གལ་ཆེན་ཞིག་ཏུ་གྱུར་མྱོང་མེད་ལ། འཕེལ་རྒྱས་ཀྱི་བགྲོད་ལམ་ད་ལྟའི་འདི་འདྲ་གསལ་པོ་ཞིག་བྱུང་མ་མྱོང་། འཕེལ་རྒྱས་ཀྱི་མདུན་ལྗོངས་ཀྱང་ད་ལྟའི་འདི་འདྲ་རྒྱ་ཆེན་པོ་ཞིག་ཡོད་མ་མྱོང་། འཆར་གཞིའི་རི་མོ་བྲིས་ནས་ཚགས་ཡོད་ལ། འགན་ཁུར་དང་དུ་ལེན་པའི་དུས་ལ་བབས། ལོ་གསར་པའི་ནང་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཏུ་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས་ལ། ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”བློ་ཐག་རྦད་ཆོད་ཀྱིས་བསྒྲུབ་ཐུབ་པར་བྱེད་པ། མངགས་བཅོལ་ཡིད་ལ་དམ་འཛིན་དང་དངོས་སྒྲུབ་ཡར་བརྩོན་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས། བློ་དཀར་ལྷག་བསམ་གྱིས་ཡང་དག་པའི་ཁ་ཕྱོགས་སུ་ཧུར་བསྐྱེད་མདུན་སྐྱོད་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བསམ་པ་གཅིག་སྒྲིལ་དང་བླ་སྲོག་བརྟན་པོར་བསྐྲུན་པ། མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་གཏིང་ཟབ་ཏུ་གཏོང་བ། “མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་སྲོག་ཤིང་གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ནན་ནན་ཏིག་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི”བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་གཏོང་བ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས། “རྒྱུན་འཁྱོངས་གསུམ”གྱི་བླང་བྱ་གལ་ཆེན་བཅས་ཀྱི་གོ་བ་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་གོ་རྟོགས་ནུས་པ་དང་ལག་བསྟར་ནུས་པ་བཅས་དོན་དང་ལྡན་པར་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་ཆབ་སྲིད་དང་ལག་ལེན་གསུམ་གྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཧུར་བརྩོན་གྱི་བསམ་པས་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་པ་དང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་འདྲེས་པར་བྱེད་པ་དང་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ཕྱོགས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོན་པར་སྐུལ་འདེད་གཏོང་བ་བཅས་ཀྱིས། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་མཐོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་དགོས། དམངས་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་སྔར་ལས་དྲོད་སྣང་ལྡན་པའི་དམངས་འཚོའི་རྒྱུགས་ལན་ཞིག་འབྲི་བ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། རྣམ་པ་ཀུན་ཏུ་མང་ཚོགས་ཀྱི“བདེ་སྡུག”དང“བྲེལ་དཀའ་ཁྲལ་རེའི”གནད་དོན་སེམས་ལ་བཟུང་ནས་ཐག་གཅོད་པ། མང་ཚོགས་ཀྱི་ཐག་ཉེའི་ལས་དོན་ཆེ་ཆུང་ཐམས་ཅད་རེ་རེ་བཞིན་ཐག་གཅོད་ལེགས་པོ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་སྔར་ལས་ལེགས་པོ་ཡོང་བར་བྱེད་པ་དང་། སྔར་ལས་ལྷག་པར་འགན་སྲུང་བྱེད་པ། སྔར་ལས་རྒྱུན་མཐུད་ཡོང་བར་བྱེད་དགོས། འབད་བརྩོན་གྱི་སྟོབས་ཤུགས་ལ་བརྟེན་ནས་སྔར་ལས་ལེགས་པའི་དུས་རབས་ཀྱི་རྩོམ་མཆོག་འབྲི་བ་དང་། ལག་ལེན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་མི་བཀོལ་གྱི་སྟོན་ཕྱོགས་ལ་བརྟེན་ནས་ལས་སྒྲུབ་ལས་གཉེར་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། བདེན་འཚོལ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་། ཕྱོགས་སོ་སོའི་དགེ་མཚན་རང་བཞིན་སྐུལ་སློང་གིས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་གྱི་སྟོབས་ཤུགས་བསླངས་ནས། འཐབ་ལམ་གསར་པའི་སྟེང་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་སེམས་བདེ་ཞིང་ཡིད་ཚིམ་པའི་རྒྱུགས་ལན་གསར་པ་ཞིག་སྤྲོད་དགོས།
ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་སྒོས་དོན་འཁྱོལ་བྱས་ཏེ། དམངས་ཆེན་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་དབང་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། རིམ་པ་སོ་སོའི“སྲིད་གཞུང་གཅིག་དང་ཏང་ཨུ་གཅིག ཁྲིམས་ཁང་དང་ཞིབ་དཔྱོད་ཁང”གིས་དམངས་ཆེན་གྱི་ལྟ་རྟོག་རང་འགུལ་ངང་དང་ལེན་བྱས་ཏེ། དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་གཏན་འབེབས་གཟབ་ནན་སྒོས་ལག་བསྟར་བྱེད་དགོས། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་མི་དམངས་ཀྱི་ཆེད་དུ་སྨྲ་བརྗོད་སྤེལ་བ་དང་མི་དམངས་ལ་ཞབས་འདེགས་ཞུས་ཏེ། མི་དམངས་ཀྱི་ཆེད་དུ་ལས་འགན་ལྕི་མོ་ཏན་ཏིག་གིས་འཁུར་དགོས་པ་བཅས་ཀྱི་བླང་བྱ་བཏོན།
ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དངོས་སྒྲུབ་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས་པར་འབོད་སྐུལ་བཏང་།
ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་སྡེ་ཁག་ཏུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་མཚོ་སྔོན་དུ་ཡོད་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系