དཔྱིད་ཀྱི་མྱུ་གུ་དང་། དབྱར་གྱི་མེ་ཏོག སྟོན་གྱི་འབྲས་བུ། དགུན་གྱི་གྲང་ངར། ཕན་ཚུན་རེས་མོས་ཀྱིས་ཡང་ནས་བསྐྱར་དུ་འཁོར་ཡང་། བཞུད་ཟིན་པའི་དུས་ཚོད་ཀྱི་གཙང་པོ་སླར་ལྡོག་ཏུ་ག་ལ་སྲིད། དུས་ཚོད་ནི་གཞུ་ལས་འཕངས་པའི་མདའ་མོ་བཞིན་སྐད་ཅིག་སྐད་ཅིག་ལ་མདུན་དུ་བཞུད།ང་རང་ཁང་ཆུང་གྲུ་བཞིར་ཁེར་རྐྱང་དུ་ཆུ་ཚོད་ཀྱི་ཐག་སྒྲ་ལ་ཉན་ནས་སྡོད་དུས། ད་གཟོད་དེ་ནི་བཞུད་ཀྱིན་པའི་དུས་ཚོད་ཀྱི་བཞུར་སྒྲ་ཡིན་པ་ཚོར་བྱུང་།ཞོགས་པའི་སྐྱ་རེངས་ཀྱི་ཕོ་ཉས་ཁང་ཆུང་གྲུ་བཞིའི་སྒེའུ་ཁུང་བརྟོལ་ནས་འོད་ཟེར་གྱི་འཛུམ་མདངས་ངོམ་ཐེངས་རེར། ངས་ཉིན་གསར་པ་ཞིག་ལ་དབུ་ཁྱུད་བྲིས་པ་རྟོགས་བྱུང་ལ། དགོང་དྲོ་ཉིན་བྱེད་ཀྱིས་ཟེར་བརྒྱ་བསྐུམས་ནས་ཆུ་ལྷའི་ཕང་བར་གཟིམ་ཐེངས་རེར། ངས་ད་གཟོད་ཉིན་གཅིག་ལ་རྫོགས་ཚིག་བཀོད་པ་རྟོགས་བྱུང་། ལོ་ལྟར་གནམ་ལོ་གསར་དུ་ཚེས་དུས། ངས་ལོ་ངོ་གཅིག་གི་དུས་ཚོད་འདི་ལྟར་ཟད་སྐྱེན་པ་ཁད་ཀྱིས་རྟོགས་འོངས།དུས་ཚོད་ནི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དང་འདྲ་བར་གོམ་སྟབས་བྲེལ་པོས་མདུན་ནས་མདུན་དུ་བཞུར་བཞིན་མཆིས། སྔར་ནས་ད་བར་སྐྱེ་བོ་སུ་ཞིག་དུས་ཚོད་ལ་སྟངས་འཛིན་བྱེད་མཁས་ན། དེས་རང་གི་བསྒྲུབ་བསམ་པའི་བགྱི་བ་མཐའ་དག་འཐུས་ཤོར་དང་ནར་འགྱངས་མེད་པར་ལེགས་པར་སྒྲུབ་ཐུབ་ཅིང་། རང་ལ་དགོས་ངེས་ཀྱི་ཤེས་བྱ་རིག་གནས་དང་། མཐོ་གོ་ས། མཚན་སྙན་གྲགས་སོགས་དགོས་འདོད་ཐམས་ཅད་ཆར་བཞིན་བསྙིལ་བ་དང་། དེ་བཞིན་དུ་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས་ཞེས་པའི་འཇིག་རྟེན་ཁ་དཔེ་བཞིན་ངེད་ཅག་གིས་རྙེད་པར་དཀའ་བའི་དལ་འབྱོར་ལུས་རྟེན་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས། ད་ལྟ་དངོས་སུ་ཡང་ང་ཚོའི་མིག་གི་རྒྱལ་མོའི་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་མཆིས། དེ་ལས་ལྡོག་སྟེ། སྐྱེ་བོ་སུ་ཞིག་གིས་དུས་ཚོད་ལ་སྟངས་འཛིན་མ་ནུས་པར། བསྒྲུབ་དགོས་པའི་བགྱི་བ་དག་མ་བསྒྲུབ་པར་ཉིན་འགྱངས་ཞག་འབུད་དང་། སྐྱིད་འདོད་ལེ་ལོ། རྣམ་གཡེང་འདུ་འཛི་ཁོ་ནས་དུས་འདའ་བར་བྱས་ན། བྱས་པའི་ལས་ལ་རྗེས་ཤིག་འཇོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་གསེར་སྲང་སྟོང་གིས་མི་ཁུགས་པའི་ལང་ཚོ་དེ་ཉིད་སྟོང་ཟད་དུ་སོང་ནས། ནམ་ཞིག་འབྱུང་བཞིའི་ལུས་སྟོབས་ཉམས་ནས་རྒས་ཤིང་འཁོགས་པར་གྱུར་ཏེ། འཆི་བདག་གཤིན་རྗེའི་ཕོ་ཉས་འབོད་དུས། རང་ཉིད་ཀྱིས་མི་ཚེ་གང་པོར་ཅི་ཡང་བསྒྲུབས་མེད་པས། གང་ཡང་སྟོན་རྒྱུ་མེད་པར། མི་ཟས་བཟས་པའི་རྗེས་འབྲས་དང་། ཨ་མའི་ནུ་རིན་ཙམ་ཡང་འཇལ་མི་ནུས་པས། ད་གཟོད་རྙེད་པར་དཀའ་བའི་མི་ཡི་ལུས་རྟེན་འདི་དོན་མེད་ཆུད་ཟོས་སུ་བཏང་བར་འགྱོད་པ་རྟས་མི་ཟིན་པ་སྐྱེ་ངེས་ཡིན། དེས་ན་དུས་ཚོད་འདི་ཉིད་ཤིན་ཏུ་རྩ་ཆེར་འཛིན་མིན་ལས་སྨིན་པའི་འབྲས་བུར་ཡང་བཟང་ངན་གྱི་ཁྱད་པར་ཆེན་པོ་ཡོད་ངེས་ལགས།དུས་ཚོད་ནི་བཙན་པོ་དབང་ཡོད་ཅན་ཚོས་འཕྲོག་མི་ཐུབ་ལ། ཆོམ་པོ་གཡག་ཆེན་ཚོ་ཡིས་རྐུ་མི་ནུས། དུས་ཚོད་ནི་ཕྱུག་པོ་ནོར་འདོད་ཅན་ཚོས་ཉོ་མི་ཐུབ་ལ། དབུལ་པོ་གཉོད་ཆུང་ཚོ་ཡིས་སློང་མི་ནུས། དུས་ཚོད་ནི་མཛེས་མ་གཡོ་སྒྱུ་ཅན་ཚོས་བསླུ་མི་ཐུབ་ལ། དཔའ་བོ་སྙིང་སྟོབས་ཅན་ཚོས་ཕམ་པར་འཇུག་མི་ནུས། དེ་བས་དུས་ཚོད་ནི་སྙིང་རུས་ཅན་དང་བརྩོན་འགྲུས་ཅན་ཁོ་ན་ལ་ནམ་ཡང་དབང་བ་ལགས།དུས་ཚོད་ཀྱི་ཐག་སྒྲ་རེ་རེ་ནི་ཚེ་སྲོག་གཅིག་གི་རྒས་ཚུལ་གྱི་གོ་རིམ་རེ་རེ་ཡིན་པས། ང་ཚོས་ཅི་ནས་ཀྱང་གསེར་ནག་ལ་འཁུ་བའི་སྐྱེ་ཆེན་དམ་པའི་ཞལ་གདམས་དྲོན་མོ་འདི་བཞིན། དུས་ཚོད་ལ་གཙིགས་སུ་འཛིན་པ་ནི། རང་གི་ཚེ་སྲོག་ལ་གཙིགས་ཆེན་བྱས་པ་དང་། དུས་ཚོད་ལ་གྲོན་ཆུང་བྱེད་པ་ནི། རང་གི་ཚེ་སྲོག་ཇེ་རིང་དུ་གཏོང་བ་ཡིན། ཞེས་པ་ལྟར་དུས་ཚོད་གཅེས་སུ་བཟུང་ནས་མི་ཚེའི་རིན་ཐང་མངོན་དུ་གྱུར་པར་བྱས་ཏེ། ཡུན་ཐུང་མི་ཚེ་དོན་ལྡན་ཞིག་སྐྱེལ་བ་ནི་གནད་ཀྱི་དམ་པའོ།
གེགས་ཁུལ་མང་ཚོགས་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་བྱས་ཟིན་འདུགཡོམ་ཁུལ་གྱི་བུ་ཕྲུག་10ཙམ་ལ་རིན་མེད་ངང་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།ལག་གདང་སྦྲེལ་ཤོག སྤུན་ཟླ་ཚོ། རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
གེགས་ཁུལ་མང་ཚོགས་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་བྱས་ཟིན་འདུགཡོམ་ཁུལ་གྱི་བུ་ཕྲུག་10ཙམ་ལ་རིན་མེད་ངང་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།ལག་གདང་སྦྲེལ་ཤོག སྤུན་ཟླ་ཚོ།
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ། འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com