འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་གར་སྟེགས་ཀྱི་རྒྱབ་ལྗོངས་སུ་བྱས་ཏེ་སྐར་ཆ་30ཡོད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག《ལྷ་རྩེའི་སྟོད་གཞས》ཀྱིས་ཚོགས་རའི་འཁྲབ་སྟོན་གྱི་སྒོ་མོ་ཕྱེ་བ་དང་། དགུང་ལོ་88ལ་སླེབས་པའི་གླུ་མ་ཚེ་བརྟན་སྒྲོལ་མས་སླར་ཡང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་ཕེབས་ནས་བརྩེ་བ་ཆེན་པོས་གླུ་གཞས《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པ་བླངས་ཡོད། ལིའུ་ཐའོ་དང་། བཀྲ་ཤིས་ཕུན་ཚོགས། ཚེ་རིང་ལྷ་མོ། ཧོའུ་མིང་ཧའོ། པད་མ་མཚོ་མོ། ཝང་ཞིན་གཡོད། ལིའུ་ཡུས། ཧོ་ལུའོ་ལུའོ་སོགས་གྲགས་ཅན་གྱི་གཞས་པ་དང་གཞས་མས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ལེ་ཚན་འཁྲབ་སྟོན་བྱས་ཤིང་། སྐར་མ་8ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་38གཟིགས་མོ་བའི་སྤྱན་ལམ་དུ་བསྟར་བ་མ་ཟད། 8Kབརྒྱུད་གཏོང་མ་ལག་ཀྱང་ལྷ་སར་ཐོག་མར་སྤྱད་ཡོད།
ཟླ་1ཚེས་28ཉིན་གྱི་དཔྱིད་གསར་དུས་ཆེན་གྱི་གནམ་གང་དགོང་མོར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས》དུས་བཀག་བཞིན་འཚོགས་པ་དང་། ཡན་ལག་ཚོགས་རའི་གྲས་ཤིག་ཡིན་པའི་བོད་ལྗོངས་ལྷ་སར་གཞས་དང་ཞབས་བྲོ། ལྷ་མོ་སོགས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ཡོད།
མཚན་ཚོགས་ཧྲིལ་པོར་མི་རིགས་ཀྱི་ཉམས་འགྱུར་དང་། སྒྱུ་རྩལ་གྱི་ཚོར་སྣང་། ཚན་རྩལ་གྱི་རྣམ་པ་བཅས་མཉམ་འདྲེས་ཕུན་སུམ་ཚོགས་པོ་ཡོང་བ་བྱས་ནས། འཁྲུག་ཆ་དོད་ལ་སྨོན་འདུན་བཟང་པོས་ཁེངས་པའི་རྣམ་པ་ཞིག་བཏོད་ཡོད་པས། སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་ཞིང་། མི་རིགས་དང་འཛམ་གླིང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་མཛེས་སྡུག་ཡིད་འོང་གི་རྣམ་པ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་ཐུབ་ཡོད།
ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།