ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པའི་སྐོར་བརྡ་ཁྱབ་བཏང་བ་རེད། ཚོགས་ཞུགས་བློ་མཐུན་ཚོས། ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་གནང་བ་དེ་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རུལ་རྒོལ་ཐད་བཀག་རྒྱ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པ་གཏན་ནས་མི་གཏོང་བ་བཅས་ཀྱི་ལངས་ཕྱོགས་གསལ་པོ་མཐའ་འཁྱོངས་གནང་བ་གང་ལེགས་མཚོན་པ། ཏང་ཀྲུང་དབྱང་གིས་བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ཏང་ཡོན་ལས་བྱེད་པར་དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་གྱི་ཡོད། དེར་བརྟེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་གི་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་གང་དེ་བསླབ་བྱར་ལེན་པ་དང་ཉེན་བརྡ་རྒྱུན་སྒྲོག་གིས་རང་རྟོགས་ངང་ཆེ་དགྲ་ལྷར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་གནད་དོན་དེ་མེ་ལོང་དུ་བཟུང་སྟེ། རུལ་རྒོལ་ལ་མཚམས་མེད་རྒྱུན་སྒྲུབ་བྱེད་པའི་སྲ་བརྟན་གྱི་སྙིང་རུས་དང་། འཐབ་ཇུས་ཀྱི་ངེས་ཤུགས། དམ་བསྒྲགས་ཀྱི་རྣམ་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དམིགས་བསལ་གང་ཡང་མེད་པའི་བསམ་བློར་བརྟེན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས“འགན་འཁྲི་བ་དང་པོའི”འགན་འཁྲི་ལེགས་པར་འཁུར་དགོས་པ། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ངང་ཁུར་ནས་རང་ལ་བླང་བྱ་ནན་པོ་འདོན་པ་དང་། འགན་འཁྲི་ནན་པོ་ཁུར་བ། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བཅས་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་ངང་ཁུར་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “ཐབས་རྣམ་བཞི”དངོས་ཐོག་བདེན་འཚོལ་ངང་སྤྱོད་པ། འགན་འཁྲི་བདའ་འདེད་ནན་ཏན་དང་གནད་སྨིན་ངང་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།
ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།