དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རྒན་རབས་ལ་བརྩི་འཇོག་དང་གུས་བཀུར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་ས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་བཅས་དང་། རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ཁག་སོ་སོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཚང་མ་དང་བཞུགས་མོལ་སྤེལ་རེས་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་སྐོར་ཞུས་པ་དང་ཆབས་ཅིག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཚང་མའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།
ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ཕན་ཚུན་མཇལ་དར་ཕུལ་རེས་གནང་ནས་སྨོན་འདུན་ཞུས་གནང་བ་དང་འབྲེལ་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་འཚོ་བ་དང་བདེ་ཐང་གི་སྐོར་ལ་བཀའ་འདྲི་གནང་བ་དང་སྦྲགས། ཁོང་རྣམ་པར་དུས་ཆེན་སྤྲོ་པོ་ཡོང་བ་དང་སྐུ་གཟུགས་གསལ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཝང་ཅུན་ཀྲེང་གིས་ལས་བྱེད་པ་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཁྱེད་རྣམ་པས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་ཤིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་དང་ཁོང་རྣམ་པ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་ལས་འཁྱུར་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཁོང་རྣམ་པ་ངོ་ཨེ་ཤེས། བསམ་འཆར་ཨེ་ཡོད།