ཚོགས་འདུ་གཉིས་གྲོལ་རྗེས་ལས་དོན་ཇི་ལྟར་སྒྲུབ་དགོས་ཤེ་ན། དེའང……

政务   2025-01-23 13:07   西藏  



    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས། ཟླ་1ཚེས་22ཉིན་དང་ཚེས་21ཉིན་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད། 
    ཚོགས་འདུ་གཉིས་གྲོལ་རྗེས་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམ་པ་དོན་གཉེར། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། འདི་ལོའི་ལས་དོན་ཁག་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
    བོད་ལྗོངས་ཉིན་རེའི་ཚགས་པར་གྱིས《ནུས་སེམས་གཅིག་སྒྲིལ་རྒྱང་ལམ་གསར་པར་སྐྱོད། དམ་པ་དོན་གཉེར་རྒྱུན་མཐུད་འབད་འཐབ་བྱེད། ——རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ》ཞེས་པ་དང《སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ——རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ》ཞེས་པའི་ཆེད་བརྗོད་གཉིས་སྤེལ་ཡོད། གཤམ་ལ་ཆེད་བརྗོད་ཀྱི་ནང་དོན་ལ་ང་ཚོ་མཉམ་དུ་སློབ་སྦྱོང་གནང་དང་།

↓↓↓

ནུས་སེམས་གཅིག་སྒྲིལ་རྒྱང་ལམ་གསར་པར་སྐྱོད། དམ་པ་དོན་གཉེར་རྒྱུན་མཐུད་འབད་འཐབ་བྱེད།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་པའི་ཁྲོད་ཚོགས་ཞུགས་འཐུས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
    དེ་ནི་མི་སེམས་ལ་ལྕག་སྐུལ་ཐེབས་པ་དང་འབད་འབུངས་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་དང་། འཆར་གཞི་ལེགས་པར་འགོད་པ་དང་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་པའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལས་ཀའི་གཙོ་རྐང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ། ད་ལོའི་ལས་ཀའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། དེ་བཞིན་གཙོ་གནད་ལས་དོན་བཅས་ཁ་གསལ་བཟོས་པ། རྒྱང་ལྟའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གཉིས་ཀ་ལྡན་པའི“ལམ་ཐིག་ས་བཀྲ”བཀོད་དེ། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་མུ་མཐུད་འབད་འཐབ་ལྷོད་མེད་བྱེད་པ་དང་གྲུབ་འབྲས་ཡག་པོ་སླར་ཡང་གཏོད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལག་ལེན་གྱི་ཐབས་ལམ་གསལ་པོར་བསྟན་ཡོད། ཚོགས་ཆེན་རིང་། འཐུས་མི་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ་དང་། བདེན་གཏམ་བརྗོད་པ་དང་། ཇུས་བཟང་འབུལ་བ། ཐབས་མཆོག་འདོན་པ། དོན་དངོས་སྒྲུབ་པ་བཅས་བྱས་པ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་གནང་ནས་གྲོས་འཆམ་བྱུང་བ་བརྒྱུད། ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་གྲུབ་བདེ་བླག་བྱུང་བ་དང་། དཔའ་ངར་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་བཟང་མངོན་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཆེན་པོ་དང་འགན་སྒྲུབ་ཐེག་ཁུར་བྱེད་ཚུལ་ཏན་ཏིག་མཚོན་ཡོད།
    འདས་མ་ཐག་པའི་ལོ་གཅིག་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། མཐའ་མཚམས་བཅོས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོག་རྒྱུ་བཀོད་སྒྲིག་གནང་ཡོད། ལྷག་པར་དུ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བོད་ཀྱི་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། ང་ཚོར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་རྫོགས་མཐའ་མེད་པའི་སྟོབས་ཤུགས་བསྩལ་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱིས་གྲུབ་འབྲས་ཐོབ་པར་སྐུལ་འདེད་ནུས་ལྡན་བཏང་བས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད། མིག་སྔར། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡང་ཡིན་པས། མི་དམངས་འཐུས་ཚོགས་ཀྱི་ལས་ཀར་བྱས་གཞི་ཆེན་པོ་ཡོད་ལ་མདུན་ལམ་ཡང་ཆེན་པོ་ཡོད་ངེས་རེད། མི་དམངས་འཐུས་ཚོགས་ཀྱིས་ཁུར་བའི་འགན་འཁྲི་དང་ལས་འགན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བོད་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།
    ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། བློ་སྒྲིལ་སེམས་སྐྱེད་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་འགན་ལེན་བྱེད་དགོས།
    མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ལ་འགན་སྲུང་བྱེད་པ། མི་དམངས་ཀྱི་འདོད་འདུན་མངོན་འགྱུར་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་། དཀའ་ངལ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། ཁ་ཚ་དགོས་གཏུགས་བཅས་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་ནས་དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་གཏོང་དགོས།
    དམ་པ་དོན་གཉེར་ནི་ལས་དོན་མཐའ་དག་ལེགས་པར་སྒྲུབ་པའི་ཐབས་མཆོག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཁུངས་བཞིར”བཏོན་གནང་བའི་མཛུབ་སྟོན་གལ་ཆེན་ལྟར། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་སྟེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་ཤེས་ལྡན་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་བའི་མི་དམངས་འཐུས་ཚོགས་ལས་དོན་གྱི་དཔུང་ཁག་ཅིག་གཏོད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་ཡིད་ལ་འཆང་བ་དང་འགན་འཁྲི་ལག་ལེན་དུ་འཁྱོལ་བར་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་ཁུར་ཐུབ་པ། བྱ་བ་སྒྲུབ་འདོད་པ་དང་བྱ་བ་སྒྲུབ་ཐུབ་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྟོང་གཏམ་ཉུང་ཙམ་ཤོད་པ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་བཅས་བྱས་ནས། ལག་ལེན་དང་མི་དམངས་ཀྱི་ཚོད་བགམ་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་གཟབ་བཞེས་དང་མངགས་བཅོལ་ཟབ་མོ་གནང་བ་དེ་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས། དམངས་འཚོའི་བདེ་རྩ་ཆེ་རུ་རྒྱུན་མཐུད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་གཡུར་ཟའི་གྲུབ་འབྲས་བཅས་ལ་བསྒྱུར་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། 

—— རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  
    སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་ཐུན་མོང་གི་འབད་བརྩོན་འོག རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས། མཐུན་སྒྲིལ་དང་། དམངས་གཙོ། ཞི་མཐུན། འབད་འབུངས་བཅས་ཀྱི་རྣམ་པའི་ཁྲོད་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་གི་ཡིན།
    དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། དམངས་གཙོ་མཐུན་སྒྲིལ། བདེན་འཚོལ་འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ཏེ་ཨུ་ཡོན་རྣམས་ལ་བྱམས་བརྩེའི་ངང་གཟིགས་པ་དང་། ཨུ་ཡོན་ཚོ་དང་གྲོས་མོལ་སྤེལ་རེས་དང་རྒྱལ་དོན་མཉམ་གྲོས་གནང་བ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་ལེན་ནན་ཏན་བསྟར་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་སོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་བསྡུར་གནང་བ། སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ་དང་རྒྱུན་ལས་ཨུ་ཡོན་གསབ་འདེམས་གནང་བ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་དེ་ཐོག་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད། ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཡིད་ཆེས་དང་སྤྲོ་སེམས་ལ་སྔར་བས་སྐུལ་སློང་དང་སྐུལ་མ་ཐེབས་ནས། སྤྱི་ཚོགས་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་ཐུབ་ཡོད།
    ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། མི་དམངས་སྲིད་གྲོས་ལ་ལས་འགན་གསར་པ་དཀྲིས་པ་དང་། མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་གསར་པ་ཁུར་དགོས་པའི་འབོད་སྐུལ་བྱེད་པ། མི་དམངས་སྲིད་གྲོས་ཀྱིས་བྱས་རྗེས་གསར་པ་འཇོག་པའི་རེ་སྒུག་བཅས་བྱེད་ཀྱི་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མི་དམངས་སྲིད་གྲོས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཁོང་དུ་གནད་འཁེལ་ཆུད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་ལྟར་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བ་ཕན་ཚུན་སྦྲེལ་མཐུད་དང་སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་དགོས།
    ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱིས་གྲོས་མོལ་གྱི་གཙོ་འགན་གཙོ་ལས་ལ་མུ་མཐུད་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ་དང་། རྒྱལ་ཁབ་ལ་འགན་འཁྲི་ཁུར་བ་དང་མི་དམངས་ཆེད་རང་འགན་གཙང་སྒྲུབ་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གཞི་རྩའི་རྩ་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་སྔར་བས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོས་མོལ་ཡག་པོ་དང་། ལྟ་སྐུལ་ནུས་ལྡན། སྲིད་ཞུགས་ཕན་ཡོད་བཅས་ཧུར་ཐག་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་མཁན་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་མཁན། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཧུར་ཐག་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་རྒྱུ་དེ་གཞི་རྩའི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་གང་ལེགས་འདོན་པ་དང་མི་དམངས་སྲིད་གྲོས་ཀྱི་བཅོས་སྐྱོང་ཕན་ནུས་མངོན་པར་བྱེད་དགོས།
    མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་དང་སྲིད་གྲོས་ཀྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད་ལ། རིམ་ཁག་ཏང་ཨུད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་དུ་བཞག་ནས། སྲིད་གྲོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་ཧུར་ཐག་སྐྲུན་དགོས། རིམ་ཁག་སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་བཏོན་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུས་ནས། སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་དང་སྲིད་གྲོས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྡུད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།



ད་གིན་རང་། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གྲོལ་འདུག

གེགས་ཁུལ་ལ་ཞལ་འདེབས་དངུལ་བརྒྱབ་ཚུལ་སྐོར་གྱི་སྤྱི་བསྒྲགས།

ཅང་ཝུན་ཕེང་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
     ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章