ཉེ་དུས་ལྷ་སའི་ཇ་ཁང་དང་ཟ་ཁང་ཁག་ཏུ……

政务   2025-02-03 11:49   西藏  


    མི་མང་པོའི་ངོས་ནས་བརྗོད་ན། དགུན་ཁར་ལས་བྲེལ་དེ་ཙམ་མེད་པས་ལྷ་སར་གཉེན་འཕྲད་དང་སྦྲགས། ལོ་གསར་མཁོ་ཆས་ཉོ་བར་ཡོང་རྒྱུ་ནི་གོམས་སྲོལ་ལྟ་བུར་གྱུར་ཞིང་། ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་ཟ་ཁང་ཁག་ཏུ་མི་ཚོགས་རིམ་གྱིས་སྟུག་ཏུ་སོང་ནས། གང་སར་སྐྱིད་སྣང་དོད་ཅིང་བག་ཕེབས་ཀྱི་རྣམ་པ་བཟང་པོ་ཞིག་མངོན།




    ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ། དབྱང་སེན་ཅེའི་ཞོགས་ཟས་ཁང་གི་ཚོང་ཧ་ཅང་ཡག་ཅིང་། ཁོང་གིས་ཀེའུ་ཚོད་མའི་བསྲེགས་ཟས་འཚོང་ཞོར་བྲེལ་འཚུབ་ཆེན་པོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་མཆིས། དབྱང་སེན་ཅེས་གསར་འགོད་པར། “འདི་གར་ཏན་ཞིམ་ཕུད། སྲན་ཐུག་སོགས་ཡོད་པས། མི་མང་པོས་ཞོགས་པ་ངའི་ཟ་ཁང་ནས་བྲོ་བ་ཞིམ་པའི་སྲན་ཐུག་ཚ་པོ་ཞིག་འཐུང་བར་དགའ་པོ་བྱེད་ཀྱི་འདུག”ཅེས་བརྗོད།



    ཁྲོམ་གཞུང་ཁག་གི་ཟ་ཁང་ནས་དགའ་བའི་དགོད་སྒྲ་ཡང་ཡང་གྲགས་འོང་ཞིང་། ཟ་ཁང་ཁག་ཏུ་དྲོད་རླངས་བཏང་ཡོད་པས། མི་རྣམས་མངར་སང་སང་གི་ཇ་དྲི་དང་བཅུད་ཆེ་བའི་ཐུག་པ་དང་འགྲོགས་ནས་ལྷ་སར་ཚ་སོབ་སོབ་ངང་བག་ཕེབས་ཀྱི་འཚོ་བར་རོལ་བཞིན་འདུག



    ཉིན་དགུང་ཡོལ་ཙམ་ལ། ཞོག་ཁོག་འཚོང་མཁན་ལི་ལགས་ཀྱིས་ཐེར་ཆུང་བཏང་ནས་ཚོང་འབོད་བྱེད་བཞིན་འདུག ཁོང་གིས། “གནམ་གཤིས་རིམ་བཞིན་གྲང་དུ་སོང་བས་ཞོག་ཁོག་ཚ་པོ་ཉོ་མཁན་མང་དུ་འགྲོ་གི་འདུག ངས་བསྲེགས་པའི་ཞོག་ཁོག་སུར་པན་དང་མཉམ་དུ་བཟས་ན་བྲོ་བ་ཆེ་བས། མི་མང་པོས་ཆེད་མངགས་ཉོ་བར་ཡོང་གི་ཡོད”ཅེས་བརྗོད།



    མུན་ནག་གི་ཡོལ་བ་འཐེན་སྐབས། རྒྱ་ཁོག་ཟ་ཁང་ནང་མི་མང་པོས་སྒྲོག་ཙེའི་མཐའ་རུ་རུབ་སྟེ། ཤ་ལེབ་དང་། སྔོ་ཚལ། ཤ་མོང་རིགས། ཤ་རིལ་སོས་པ་སོགས་ཤ་རིགས་དང་ཚལ་རིགས་རྒྱ་ཁོག་གི་ཟངས་ལྡིར་ནང་བླུགས་ནས་ལོངས་སུ་སྤྱོད་ཞོར། ཧ་ཧ་ཧུ་ཧུའི་ཁྲོད་གླེང་མོལ་ལ་རོལ་བཞིན་མཆིས།



    མ་གཞི་ལྷ་སའི་དགུན་ཁ་ཅུང་གྲང་ངར་ཆེ་ཡང་། འདི་གའི་ཉི་འོད་འཇམ་པོ་དང་མི་དང་མིའི་དབར་གྱི་བརྩེ་སེམས་ཟབ་མོས་གྲོང་ཁྱེར་འདིར་དྲོད་ཁོལ་དང་མཛེས་ལྗོངས་གསར་པ་ཞིག་བསྣན་དང་སྣོན་བཞིན་ཡོད་ལ། སྐྱིད་སྣང་དོད་པའི་ལྷ་སའི་ཁྲོམ་གཞུང་ཟ་ཁང་ཁག་ནི་སྐྱེ་བོ་མང་པོའི་ཟས་ཀྱི་སྟོན་མོར་རོལ་ཡུལ་ཙམ་མིན་པར། དེ་བས་ཀྱང་ལུས་སེམས་གཉིས་ཀྱི་ངལ་དུབ་སེལ་སའི་ལྷིང་འཇགས་དང་བག་ཕེབས་ཀྱི་བསྟི་གནས་གལ་ཆེན་ཞིག་དང་། ལྷན་འཛོམས་ཀྱི་དགོད་སྒྲའི་ཁྲོད་ཅི་འཕྲོས་མོལ་འཕྲོས་ལ་རོལ་སའི་གནས་ཁྱད་པར་བ་ཞིག་ཀྱང་ཅི་ལ་མིན།




གེགས་ཁུལ་མང་ཚོགས་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་བྱས་ཟིན་འདུག

ཡོམ་ཁུལ་གྱི་བུ་ཕྲུག་10ཙམ་ལ་རིན་མེད་ངང་ལག་རྩལ་བསླབ་རྒྱུའི་བརྡ་ཐོ།

ལག་གདང་སྦྲེལ་ཤོག སྤུན་ཟླ་ཚོ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
         འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章