མཚོ་སྔོན་གྱིས་གནོད་སྐྱོབ་དངོས་རྫས་བསྡུས་ཏེ་དིང་རི་ལ་བསྐྱལ།

文摘   2025-01-09 11:11   青海  


མཚོ་སྔོན་གྱིས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་གི་གནོད་སྐྱོབ་དངོས་རྫས་བསྡུས་ཏེ་བོད་ལྗོངས་དིང་རི་ས་ཡོམ་གྱི་ཡོམ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས།

ཟླ1ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ6.8ཀྱི་ས་ཡོམ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་མྱུར་དུ་བཀོད་སྒྲིག་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བཏང་ནས། སྟབས་བདེའི་ཁང་པ1000དང་ལྟེབ་ཆོག་པའི་ཉལ་ཁྲི3000། དྲོད་ལེན་ཐབ་ཀ300སོགས་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ཙམ་གྱི་གནོད་སེལ་དངོས་རྫས་བསྡུས་ཏེ་ཟླ1ཚེས8ཉིན་གྱི་ཆུ་ཚོད12ཙམ་གྱི་སྟེང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་སོ་སོ་ནས་ལམ་ལ་ཆས་ཤིང་། སྔོན་དཔག་བྱས་ན་ཆུ་ཚོད30ཡི་རྗེས་སུ་གཅིག་རྗེས་གཉིས་མཐུད་དུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་འབྱོར་ཐུབ། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་གནོད་འཚེ་གྱོད་གུན་ཞིབ་བཤེར་དཔྱད་འཇོག་ལས་སྒོའི་ནུས་པ་མི་འདང་བའི་གནད་དོན་ལ་དམིགས་ནས། གནོད་འཚེ་གྱོད་གུན་དཔྱད་འཇོག་ཆེད་ལས་ལག་རྩལ་རྐང་འཛིན་པ3ས་ཡོམ་བྱུང་སར་མངགས་ཏེ། གནོད་ཁུལ་གྱི་གནོད་འཚེའི་གྱོད་གུན་ཞིབ་བཤེར་དཔྱད་འཇོག་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་གནོད་ཐེབས་ས་ཁུལ་གྱི་གནོད་འཚེའི་གནས་ཚུལ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཏེ། བོད་ལྗོངས་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་མངའ་ཁོངས་བརྒལ་བའི་ཡོམ་འགོག་གནོད་སེལ་གྱི་རོགས་སྐྱོར་ལ་གྲ་སྒྲིག་ཡག་པོ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ།    

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章