ངག་དབང་བཀྲ་ཤིས་ཀྱི《ཆུང་འདྲིས་སྙིང་གི་ནོར་བུ》སོགས།

文摘   2024-11-23 21:50   青海  




སྒྱུ་རྩལ་རིག་པའི་དོ་ར།


དཀར་ཆག


  • རྒྱང་ལྟ/རྣོ་དཔྱོད་ཤེས།

  • ཁ་ཆད་བརྩེ་བའི་དབུ་མནའ/ཁམས་ཟླ་སྲས།

  • ཆུང་འདྲིས་སྙིང་གི་ནོར་བུ/ངག་དབང་བཀྲ་ཤིས།



རྒྱང་ལྟ།

(མཚོ་ལྷོ) རྣོ་དཔྱོད་ཤེས།





ཉིན་འདི་ཚོར་ཁོ་སྔ་མོར་ལངས་ནས་དར་དཀར་གྱི་ཡོལ་བ་བཞིན་འཐེན་པའི་རྒྱང་རིང་གི་ལམ་སྣེ་རུ་རེ་སྒུག་གི་རྣམ་ཤེས་གནས་དེར་བསྐུང་ཡོད། ཁོའི་གཟབ་ནན་གྱི་ལྟ་སྟངས་དང་གདོང་གི་ཉམས་འགྱུར་ལ་བལྟས་ན། སྤྱིར་བཏང་གི་མི་ཞིག་ལ་སྒུག་ཡོད་པ་ག་ལ་ཡིན། ལྷག་པར་དེ་རིང་ནམ་རྒྱུན་དང་མི་འདྲ་བར་རི་རྩེ་ལ་ཉི་འོད་མ་ཕོག་གོང་ནས་རྒྱང་ལྟ་བྱས་འདུག གློ་བུར་ཕོ་རོག་ཅིག་ཁོའི་ཉེ་འགྲམ་ནས་འཕུར་སོང་། ཐོག་མར་ཅི་ཡིན་མ་ཤེས་པས་སྐྲག་སྔངས་ཀྱིས་མགོ་བོ་ལག་པས་བསྐྱོར་ནའང་། མཐའ་མར་ཕོ་རོག་ཅིག་ཡིན་པ་ཤེས་རྗེས“ཧི་ཧི……”ཞེས་ཁེར་དགོད་རི་ལུང་བཀང་ལ་ཁད་ཅིག་ཤོར།
ཅུང་ཙམ་ལ་ཐག་རིང་དུ་འཕུར་བའི་ཕོ་རོག་དེ་མིག་ནང་ནས་ནག་ཐིག་ཙམ་དུ་གྱུར་ཅིང་། ཕལ་ཆེར་རྐ་ཁུག་ཐང་གི་མཐའ་ཡས་པའི་ས་གཞི་རུ་འཐིམ་སོང་། ཁོ་བྲེལ་འཚུབ་ཆེན་པོས་སེམས་པ་ཟང་ཟིང་ལང་ལོང་དུ་བསྒྱུར་ཏེ་འདུག་མི་བཟོད་པས། ཤུབ་གློ་ཁ་ཅན་གྱི་ཁ་པར་བླངས་ན་ཡང་། གཞན་དེར་ཁ་པར་གཏོང་མ་ནུས་པར་ཕྱིར་བྲང་ཁུག་ཏུ་བཅུག་སྟེ། “བྲེལ་དོན་ཅི་ཡོད། ཨ་མའི་བུ་དལ་དགོས། རྒོད་མའི་བུ་བྲེལ་དགོས་ཟེར”བཞིན་རང་ཚུགས་བཟུང་སྟེ་སོས་དལ་བག་ཕེབས་ཀྱི་ཚུལ་འཚོས་ཤིག་སྟོན་བཞིན། བཤམས་སྟོན་ཁང་དུ་ལོས་ཡོད་སྙམ་པའི་ཙན་དན་གྱི་ཕྲེང་བ་ཟད་པོ་ལག་ལ་འཕུར་འཕུར་བྱས། སྐབས་དེར་ཁོ་ཆུང་དུས་ཀྱི་རྣམ་པ་ཞིག་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་འགོག་མེད་དུ་དྲན། ཁོ་ལོ་ཉེར་གཅིག་ཡིན་དུས་ཁོག་སྟོད་ལ་ཕྱི་གླིང་བའི་གྱོན་ཆས་རག་སེར་ཞིག་གྱོན་ཡོད་པ་དང་། ཁོག་སྨད་ལ་རང་རྒྱལ་གྱི་རྐང་སྣུམ་ཇ་མདོག་ཅན་ཞིག་གྱོན་ཡོད་ལ། ལག་མགོར་མཐའ་རྒྱན་དམར་པོ་ཅན་གྱི་དུས་ཚོད་ཆུང་ཆུང་ཞིག་བཏགས་ཡོད་ཅིང་། བྲང་ཁུག་ཏུ་ལྕགས་སྨྱུག་མདའ་རྟགས་ཅན་ཞིག་གསེབ་ཡོད་པས་ཁོ་རང་སྡེ་བ་འདིའི་ཐོག་མའི་མཐོ་འབྲིང་འགྲིམ་མཁན་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།
ཁ་ཆར་བུ་ཡུག་གི་འཚུབ་མ་བར་མེད་དུ་རྒོལ་བའི་རི་རྒན་སྨུག་པོའི་འདབས་རོལ་དུ་ཞོ་ལྟར་ཆགས་པའི་ཁྲི་དར་རུ་སྡེར་དབྱར་དགུན་གནང་གི་སྐབས། སྦྲ་གུར་གཅིག་མི་ཡུལ་གྱི་གསོན་ཉམས་ལྡན་པའི་རྨི་ལམ་ཞིག་གི་དབུ་ཁྱུད་བཞིན་སྡེ་བ་ཡོངས་གྲག་འགུལ་བཟོ་བའི་དཔེ་ཀློག་དང་འབྲི་སྦྱོང་གིས་ཤེས་རིག་གི་རྒྱལ་ཕྲན་ཆུང་ཆུང་ཞིག་ཐག་རིང་ལ་འགྲོ་མ་མྱོང་བའི་ཡུལ་མི་ཚོར་སྟེར་སྲིད་ལ། དགེ་ལོ་སྒེར་ལོག་སོགས་མི་འགའ་ལ་བྱིས་པ་ཚོས་རང་ཁྱིམ་དུ་ལས་ཀ་རེ་ཡང་སྒྲུབ་མི་འདོད་པར་གསེར་སྦྲང་གཞོན་ནུ་པད་ཚལ་ལ་ཆས་པ་ལྟ་བུའི་སྣང་བརྙན་གྱིས་ཁྲི་སྒོར་འགའ་རྐུན་ལ་ཤོར་བ་འདྲ་བའི་སྣང་འཆར་ཞིག་བར་མེད་དུ་སྟེར། དེ་རིང་ལུས་པོར་གྲང་འདར་རྒྱག་པའི་དགུན་གཞུང་འདིར་ལྕགས་ཐབ་ཆེན་པོ་ཞིག་ལ་མེ་ཁ་ཙམ་གསོ་ཁུལ་བྱས་མོད་རླུང་བུས་འགུལ་སྐྱོད་ཀྱིས་འཁུར་ལ་ཉེ་བ་དང་གྲང་རེག་གིས་འཇོམས་ལ་ཉེ། སྒོ་འགྲམ་དུ་བཀྲ་བྷོ་ནག་རིས་སོགས་ཀྱིས་ཁྱི་ཕྲུག་ཅིག་ལ་ལྟ་བཞིན་ཡོད་ལ་ཁྱི་ཕྲུག་འདི་སྤྱིར་ཁྱི་དང་འདྲ་བ་ཞིག་མ་རེད། ལྟོ་ཆས་སྟེར་མཁན་ལ་དགའ་མགུ་མེད་ལ་ཁོ་རྩེད་ཆས་བྱེད་མཁན་ལ་དགའ་དུང་གི་ཉམས་རེ་སྟེར་ཅི་ཐུབ་བྱེད། དེ་བས་ད་ལྟ་རྔ་མ་ལས་གཞན་གང་རུང་ན་སྤུ་མང་བོ་མེད། ཁ་དཔེ་ཞིག་ལ།“ཁྱི་དོང་ནང་ནས་གསོ་དགོས། ། མི་ལམ་ནང་ནས་གསོ་དགོས། །”ཟེར་བའི་གཏམ་དེ་དྲན། ཁོས་སློབ་རིན་སྐར་གང་མ་བླངས་པར་འཛིན་གྲྭ་སྣ་ཚོགས་ལ་སློབ་ཁྲིད་བྱས་ནའང་སློབ་ཁྲིད་འགྱོ་ཐུབ་འདུག་ཐུབ་ཡིན་ཚུལ་གྱི་བཤད་ཡམས་དབྱར་གྱི་ཆར་བ་ལས་མང་། བཤད་ཡམས་ཇི་ལྟར་མང་ན་ཁོ་ལ་དེ་བས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། སྔོན་གྱི་ཁོ་ནི་སྨྲ་བ་ཉུང་ཞིང་གཉོམ་ཆུང་ཞིག་ཡིན་ལ། ད་ལྟ། ཁོ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་དགེ་མཚན་གྱི་ཕྱིར་དུ་ཀི་རིང་འདེབས་མཁན་ཞིག་ཡིན། ཁིས་ཁ་ཉག་གར་བུད་ན་གླུའང་ལེན། ཁོའི་གླུ་སྐད་ཀྱིས་ཁྲི་དར་སྡེ་བའི་རི་ལུང་ཐང་གསུམ་དཀྲོགས་མྱོང་།
ཕྱི་དྲོའི་མཚམས་སྤྲིན་གྱི་ལྭ་བ་སྤང་ཐང་གི་འཆར་ངོགས་སུ་ཤར་ནས་རི་བོ་དང་ཁང་བ་ཐར་ཐོར་རྟ་ནོར་ལུག་གསུམ་གྱི་མཛེས་པ་ཁ་སྣོན་གྱི་རྒྱན་དུ་གྱུར་བ་ལྟར་ཡོད་ཚད་ལ་བཀྲག་མདངས་གསར་པ་ཞིག་རྒྱས་ནས་འདུག

ཁོ་ནི་ཞོགས་པའི་ཉི་འོད་ས་ཆེན་དུ་འཕྲོས་པ་ནས་རང་དབང་མེད་པའི་ཕ་ཡུལ་གྱི་མི་བུ་ཞིག་ཡིན། འོན་ཏེ། དུས་རབས་ཀྱི་གྲིབ་གཟུགས་མཚན་མོར་ཕོག་རྗེས། ད་ནི་སྨག་མུན་སྟུག་པོའི་མཚན་མོར་ཡང་། ཁོས་རང་ཉིད་ཕ་ཡུལ་དུ་ཡོད་པས་དན་རྟགས་འཁྲུལ་དུ་འཇུག་མི་རུང་། ཁོ་ལ་རྒྱུ་འབྱོར་དང་མིང་ཐོབ་མེད་ཀྱང་གྲིབ་གཟུགས་ཀྱི་རི་མོ་དེ་ནི། ཁོའི་ནམ་ཡང་མཛེས་སྡུག་ལྡན་པའི་ཕ་ཡུལ་ཡིན། ཁོའི་ཉེ་འགྲམ་དུ་ཡུལ་མི་འགའ་ཡོང་བཞིན་འདུག་པས་ཁོ་དྲན་འཆར་ལས་སད། དུས་དེར་སྡེ་དཔོན་གྱིས“འོས་འགན་སློབ་གསོ་མྱོང་དགོས་པས་གལ་ཆེན་གྱི་བཅའ་ཁྲིམས་དང་ཚུལ་མཐུན་གྱི་སློབ་གསོ་སོགས་ཡུལ་ཚོ་དང་རྫོང་རིམ་པ་ནས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང”ཟེར་བ་ན། ཨ་ཁུ་ཉི་མ་གཡག་རྒན་སོགས་རྒད་པོ་གོ་མེད་ཕ་བོང་འདྲ་བ་ཚོ་ཡང་ད་ལོར་འགུལ་གྱིན་འདུག








ཁ་ཆད་བརྩེ་བའི་དབུ་མནའ།

(དཀར་མཛེས) ཁམས་ཟླ་སྲས།




ཁ་ཆད་བརྩེ་བའི་དབུ་མནའ་མི་ཚོགས་ཀློང་ནས་མ་བཞག །
བཅོས་མིན་དུང་བའི་འདབ་མ་རང་རང་སེམས་སུ་གྲུབ་ཡོད། །
ཞེ་འདང་ཡིད་ཀྱི་མཚོ་ལ་ངང་བ་བཞིན་དུ་འཁོར་ན། །
སྐྱིད་སྡུག་མཉམ་དུ་འཁུར་ཆོག་རྒྱང་རིང་ཡུལ་གྱི་བྱམས་པ། །

གང་གི་སེམས་འདུན་ཉག་ཅིག་འདང་གི་གཞུང་ལ་བབས་པས། །
ང་ཡི་རྒྱང་རིང་བྱམས་པར་བརྩེ་བའི་མགུར་ཞིག་གྱེར་ཡང་། །
ཟུང་འཇུག་དགའ་བའི་ཞིང་དེར་ལྷན་དུ་འགྲོ་རྒྱུ་བྱས་པས། །
འགྱུར་དང་མི་འགྱུར་མ་གླེང་སྒུག་པའི་ལོ་ཟླ་འདི་རེད། །

ཁྱོད་ཀྱི་ལང་ཚོ་དར་བབས་སྣང་བའི་ཁམས་ནས་མཇལ་ན། །
མི་ཚེ་འཚོ་བའི་རྟེན་དུ་གསེར་དངུལ་ཡོངས་སུ་ཕུལ་ཏེ། །
ཁྱོད་རང་བདག་གིར་བཞེས་པས་ཁེར་རྐྱང་འདུག་བསམ་མ་ཡོད། །
ཕ་ཡུལ་གངས་རིའི་ལྗོངས་ཀྱི་གཉེན་ཉེ་དགོངས་པ་མ་ཚོམས། །

རྒྱང་བཞུད་ཁྲུང་ཁྲུང་ཆ་གཅིག་གསང་བའི་གཉེར་བ་བྱས་ཏེ། །
ཆུང་གྲོགས་ཁྱོད་ཀྱི་ཕྱོགས་སུ་བྲིས་པའི་ཡིག་ཆུང་བསྐུར་བས། །
ཕོ་ཉ་ཉེ་སར་བསླེབ་ན་མཚམས་འདྲིའི་ཚིག་གསུམ་ཤོད་དང་། །
ང་ཡི་འཕྲིན་པ་ཡོད་ཚད་ཁྱོད་ཀྱི་ཕྱག་ཏུ་གཞག་ཡོང་། །

ལྷོད་ཡངས་མཉམ་གཅིག་འཛོམས་ནས་གཏམ་གྱི་ལབ་གླེང་བྱས་ན། །
ལྐོག་ནས་དགའ་ཞེན་མི་དགོས་དངོས་སུ་བུད་དང་ཆོག་ག །
མ་བཟི་གཉིད་རེག་བར་དུ་ཕན་ཚུན་འཛུམ་ལ་བལྟ་དང་། །

སེམས་སྡུག་ཡོད་དོ་ཅོག་ཀྱང་གློ་བུར་བསངས་པར་འགྱུར་སྲིད། །





ཆུང་འདྲིས་སྙིང་གི་ནོར་བུ།

(ཡུས་ཧྲུའུ) ངག་དབང་བཀྲ་ཤིས།




འཇིག་རྟེན་མཐུན་འཇུག་དང་དེ་ལས་འདས་པའི་བརྩེ་དུང་མཐའ་དག་གི་ཐོག་མའི་ཀུན་སློང་གི་དབུ་ཁྱུད་ནི་ཁྱད་པར་གྱི་ཚོར་བ་ཞིག་གིས་བསྐྱེད་པའི་དབང་དུ་བཏང་ན་ཡང་། བརྩེ་དུང་གི་ཕྱི་ཐག་ནི་ཚོར་བ་ཁོ་ན་ཞིག་གིས་རྒྱུན་སྐྱོང་ཡུན་བརྟན་ཐུབ་པ་ཞིག་ཡེ་ནས་མ་ཡིན་པར། དེ་ནི་རྣམ་དག་གི་བརྩེ་བ་ལས་བལྟམས་པའི་གོམས་གཤིས་ཤིག་དང་། ལྷད་མེད་ཀྱི་དུང་བ་ལས་ཐོབ་པའི་ལྷག་བསམ་གྱི་འགན་འཁྲི་ཞིག་གིས་གཞུང་བསྲིངས་ཤིང་མགོ་རྔ་མཐུད་དགོས་པར་འདོད། ད་གཟོད་གཞོན་དུས་ཀྱི་སྙིང་སྡུག་དེ། རྒས་དུས་ཀྱི་ཚེ་ཡ་རུ་འགྱུར་བའི་འཇིག་རྟེན་ཡིད་སྨོན་གྱི་བརྩེ་དུང་གི་གཏམ་རྒྱུད་གསོན་པོ་ཞིག་བཞེང་ཐུབ།
འཇིག་རྟེན་མི་ཞེས་པ་ནི་སྒེར་ཚུགས་རང་བཞིན་ཅན་ཞིག་ཡིན་པའི་དབང་གིས། མི་རེ་ལ་རང་ཉིད་དང་འཚམ་པའི་མཛེས་དཔྱོད་ཀྱི་ལྟ་བ་རེ་ཡོད་སྲིད་དེ། མིའི་མིག་ནང་གི་མཛེས་པ་ཀུན་མཆོག་གྱུར་ཡིན་པའི་ངེས་པ་གཞི་ནས་མེད། དེ་བས། རང་ཉིད་དང་འཚམ་ཞིང་རང་སེམས་མགུ་བ་དག་ནི་རང་ངོས་ཀྱི་མཛེས་ལེགས་མཆོག་གསུམ་དེ་ཡིན་པ་ཤ་སྟག་རེད། རང་སེམས་སོང་བའི་བུ་མོ། བུ་མོའི་ནང་གི་མཛེས་མ་ཡིན་ཟེར་བའང་དེའི་རྐྱེན་གྱིས་སོ། ། སྤྱིར་བརྩེ་དུང་ཟེར་བའི་ཐ་སྙད་རྡོག་རྡོག་འདི་འདོད་རྔམ་དང་ཆགས་སྲེད་ལས་ཁ་འབྲལ་ཐབས་མེད་པ་ཞིག་རེད། བརྩེ་དུང་གི་ཕྱི་ནང་གསང་གསུམ་ཡོད་ཚད་འདོད་རྔམ་དང་ཆགས་སྲེད་ཁོ་ན་ཡིན་པ་གཞི་མ་གྲུབ་ཀྱང་། འདོད་རྔམ་དང་ཆགས་སྲེད་མེད་པའི་བརྩེ་དུང་གསོན་པོ་ཞིག་སྲིད་པ་རྒན་པོའི་ཁ་ནས་བྱུང་བར་མ་གྱུར། བརྩེ་དུང་ཞེས་པའི་ཐ་སྙད་སྙན་པོ་འདིའི་རྒྱབ་རོལ་ན། འདོད་རྔམ་དང་ཆགས་སྲེད་དམར་རྗེན་དུ་ལུས་པའི་མཚན་མོའི་འཁུན་སྒྲའང་ཡོད་སྲིད།
ང་ཚོའི་ནར་སོན་གྱི་ལོ་ཟླའི་ཁྲོད་ནས། དམར་ཆུང་སེམས་ཀྱི་རྟ་ཕོའི་ཁ་ལོ་ཡང་ཡང་ཤོར་སའི་སྨན་ཆུང་རེ་དང་། འདང་ཆེན་སྙིང་གི་སྒོ་གླེགས་ཡང་ཡང་རྡུང་བའི་སྟག་ཤར་རེར་འཕྲད་པ་ནི་བརྒལ་ཐབས་མེད་པའི་ནར་སོན་གྱི་བརྒྱུད་རིམ་ཞིག་དང་འཇིག་རྟེན་པ་ཡི་ཚུལ་ལུགས་ཤིག་གོ །
ཁོ་བོ་ཡང་དེ་ལྟར་ནར་སོན་གྱི་ལོ་ཟླའི་ཁྲོད་ནས་བརྒལ་ཐབས་མེད་པའི་བརྒྱུད་རིམ་དེ་དག་མ་བགྲོས་གཅིག་མཐུན་དང་། མ་བོས་རང་སླེབས་ངང་དང་དུ་ལེན་དགོས་པར་གྱུར། མོ་ནི་ཕྲན་དང་ལོ་ཡི་འཁོར་མོ་བཅུ་བདུན་ལྷག་རིང་གི་འབྲེལ་འདྲིས་ཡོད་པའི་མི་བུ་ཁྱད་པར་བ་ཞིག་རེད། ཆུང་སློབ་ཆུང་ནས་སློབ་འབྲིང་གི་བར་དུ་ངེད་གཉིས་ནི་དགེ་རྒན་གཅིག་གི་སློབ་མ་ཡིན་ལ།སློབ་ཁང་གཅིག་གི་སློབ་གྲོགས་ཡིན། མཐོ་འབྲིང་སྐབས་སུ་ཡང་སློབ་གྲྭ་གཅིག་གི་སློབ་གྲོགས་ཡིན། འདི་ལྟར་མ་སྒྲིག་རང་འགྲིག་གི་ལས་འཕྲོ་ཡི་མདུད་པ་ཞིག་གིས་ངེད་གཉིས་ཕན་ཚུན་ནར་སོན་གྱི་ལོ་ཟླའི་ཁྲོད་ནས་ཆེས་ཁྱད་པར་གྱི་མི་བུ་ཞིག་ཏུ་གྱུར། སྤྱིར་ཁོ་བོ་ནི་སློབ་གྲོགས་བུ་མོ་ཚོ་ལ་འབྲེལ་འདྲིས་དང་དོ་ཁུར་བྱེད་པར་ཆེས་མི་གོམས་མཁན་ཞིག་ཡིན་ཡང་། མོ་ནི་ནམ་ཡང་ཁོ་བོའི་ཁྲ་ཆུང་མིག་གི་ལྟ་ས། དམར་ཆུང་སེམས་ཀྱི་དྲན་ས་གཅིག་པུ་དེ་ཡིན། མོ་དང་མཉམ་དུ་ཆེས་ཐོག་མའི་བརྩེ་དུང་གི་དབུ་ཁྱུད་བྲིས་པ་ནས་བཟུང་། མོ་ནི་ནམ་ཡང་དྲན་པའི་དཀྱིལ་ན་ཉར་བའི་ཆུང་འདྲིས་སྙིང་གི་ནོར་བུ་གཅིག་པུ་ལགས།
ཆེས་ཐོག་མའི་ཁྱད་པར་གྱི་ཚོར་བ་སྟེར་མཁན་གྱི་མི་བུ་དེ་ཡོད་པ་རང་གི་གོམས་གཤིས་སུ་ཆགས་བརྗེས། ད་གཟོད་བརྩེ་དུང་ནི་འདོད་རྔམ་དང་ཆགས་སྲེད་ཁོ་ནས་གྲུབ་པ་ཞིག་མ་ཡིན་པ་གཞི་ནས་རྟོགས་ཐུབ། དུང་བ་ལྷད་མེད་དང་དགའ་བ་དྭངས་མ་ཡིས་གཅེས་མྱོང་བའི་མི་བུ་དེར་ནམ་ཡང་བརྩི་བཀུར་དག་མ་དང་གཅེས་སྐྱོང་རྣལ་མ་ཞིག་གིས་བསྲིང་ངེས། བརྩེ་བ་ནི་སེམས་དང་སེམས་པར་གོམས་འདྲིས་གཏོང་བའི་ཁྱད་པར་གྱི་གོམས་གཤིས་ཤིག་དང་། ཡིད་ཆེས་དང་ཡིད་ཆེས་ལ་གོ་སྐབས་བསྩལ་བའི་ཟོལ་མེད་བློ་དཀར་གྱི་འགན་འཁྲི་ལ་འབྲེལ་བ་ཟབ་མོ་ཡོད་པ་རྟོགས་ཐུབ།
མོ་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་དེ་ནི་དགའ་སྤྲོ་དང་འཚབ་འཚུབ། བདེ་སྐྱིད་དང་མཚར་སྣང་སྟོང་གིས་ཕྱུག་པའི་སྨྲ་བསམ་བརྗོད་འདས་ཀྱི་བརྒྱུད་རིམ་ཞིག་རེད། ང་ཚོའི་མི་ཚེའི་གྱེས་བྲལ་གྱི་བར་ཐག་ཁྲོད་ནས་མི་བུ་མང་པོ་ཞིག་དང་འབྲེལ་འདྲིས། ངོ་ཤེས་སུ་གྱུར་དང་འགྱུར་བཞིན་པ་ཡིན་མོད། ཁྱད་པར་གྱི་དགའ་བདེའི་ཚོར་བ་དེ་དབྱར་དགུན་འགྱུར་མེད་ལྷ་ཤིང་ཤུག་པ་བཞིན་སྟེར་མཁན་གྱི་མི་ནི་སྐྱེས་ཕོ་སར་ནང་གི་གེ་སར། སྨན་བུ་མོའི་ཁྲོད་ཀྱི་འབྲུག་མོ་ལྟ་བུ་ཞིག་ལས་དཀོན་པའི་རྒྱུ་རུ་གྱུར་ཡོད། མོ་དང་གཤིབ་པ་ནས་བཟུང་། ཤ་ཁྲག་རུས་གསུམ་གྱི་བར་མཚམས་ལས་བརྒལ་བའི་མི་བུ་ཞིག་ལ་འདི་ལྟ་བུའི་ལྷད་མེད་ཀྱི་བརྩེ་བའི་འབྲུ་འོས་བསྙལ་བའི་འདང་ཆེན་གྱི་ཞོ་ཞིག་ཆགས་རྒྱུ་ཡོད་པའང་གཞི་ནས་ཤེས་བྱུང་།
མོ་ནི་བློ་རིག་གྲུང་པོ་ཅན་ཞིག་མིན་ཡང་། བརྩོན་འགྲུས་དང་སྡུག་རུས་ཐུབ་པའི་བུ་མོ་མགོ་རྣ་ཅན་ཞིག་རེད། མོ་ནི་སྟོབས་ཆེན་འཇོན་པོ་ཅན་ཞིག་མིན་ཡང་། གཞུང་དྲང་དང་ལ་རྒྱ་སྲོག་བཞིན་འཛིན་པའི་དྲང་ལྡན་མ་ཞིག་རེད། མོ་ནི་གཞན་པའི་མིག་ནང་གི་མཛེས་མ་དེ་མིན་ཡང་། ཁོ་བོའི་སེམས་དམར་པོའི་ནང་གི་འདང་ཆེན་མ་དེ་ཡིན་ཤ་སྟག་ཡིན། མོ་དང་འདྲིས་ཤིང་གོམས་པའི་ལོ་ཟླའི་ཁྲོད། ད་གཟོད་དྲན་གདུང་ཟེར་བའི་གཟི་ཁ་རྒོད་པའི་ནས་ཆང་དེའི་ཁ་བསྐྱུར་ལྡན་པའི་བྲོ་བ་ཡང་ཡང་མྱོང་དགོས་བྱུང་། འདང་ཆེན་གྱི་མཚོ་མོ་སྐོམ་མི་འགྱུར་ན། དྲན་གདུང་གི་ཉ་མོའི་འཁྱུག་རྩལ་ལ་རྫོགས་མཐའ་བྲལ། ཐུག་བཞིན་ལ་ལྷག་ཏུ་ཐུག་དྲན་པ་ཞིག་དང་། འཆད་བཞིན་ལ་ལྷག་ཏུ་འཆད་འདོད་པ། ཐུག་མ་ཐུབ་པ་དང་བརྗོད་མ་ནུས་པའི་སེར་སྣ་དང་སེམས་ཁྲལ་ཞིག་གིས་འགྱོད་པ་སྐྱེས་སུ་འཇུག་ནུས། མོའི་ཞི་འཇམ་གྱི་གཤིས་ཀས་ཁོ་བོའི་སེམས་ཀྱི་རྟ་རྒོད་གཡུང་དུ་བཏང་མྱོང་ལ། མོའི་ཡིད་འོང་གི་འཛུམ་དཀར་དང་འཛུམ་ཀོང་ནི་རྒུན་ཆང་དམར་པོ་ཇི་བཞིན། ཁོ་བོ་ཡང་ནས་ཡང་དུ་བཟི་རུ་བཅུག་མྱོང་། མོ་དང་ཉེ་རུ་བཅར་ཐེངས་རེ་ལ། སེམས་ལ་བརྗོད་མི་ཐུབ་པའི་བདེ་ཚོར་དང་ལྷིང་འཇགས་ཀྱི་སེམས་ཚོར་ཟབ་མོ་ཞིག་དབང་ལྔ་སྣོད་དྲུག་ཏུ་ཁྱབ་ནས་སྦྲིད་འགྲོ། རང་ཁྱིམ་ཞེས་པའི་ཐ་སྙད་དྲོན་མོ་འདིའི་ཕར་རྒྱབ་ན་ད་དུང་རང་གཤིས་གཉུག་མ་དང་། བཅོས་མིན་གྱི་ངོ་གདོང་རྣལ་མ་དེ་སྟོན་ཆོག་པའི་མི་བུ་གཞན་ཞིག་ཡོད་པ་ཚོར། དེའི་མིང་ལ་ཆུང་འདྲིས་ཟེར་ལ། དེའི་མིང་ལ་སྙིང་སྡུག་ཟེར། མོ་ནི་ནམ་ཡང་སུས་ཀྱང་ཚབ་པར་མི་ནུས་པའི་ཆུང་འདྲིས་ཡིན། ནམ་ཡང་སུས་ཀྱང་འགྲན་པར་མི་ནུས་པའི་སྙིང་སྡུག་ཡིན། གཅེས་ནོར་ནི་ནམ་ཡང་ཉུང་ཤོས་ཤིག་ལ་མ་གཏོགས། མང་ཤོས་ཤིག་ལ་ཡེ་ནས་འགྲེལ་མི་ཐུབ་པ་ལྟར། ཆུང་འདྲིས་ཀྱང་དེ་བཞིན་ནོ། །

འབྱུར་འགྱུར་གྱི་ལས་དབང་གང་ལ་ཕྱོགས་ན་ཡང་། ཆུང་འདྲིས་ལགས།ཁྱོད་ནི་ནམ་ཡང་ཁོ་བོའི་དམར་ཆུང་སྙིང་གི་བྱུ་རུ་རྡོག་པོ་དེ་ཡིན། དཀའ་སྡུག་གི་ལོ་ཟླ་ཇི་ལྟར་བཙན་ན་ཡང་། ཁྱོད་ནི་ནམ་ཡང་ཁོ་བོའི་མིག་ཁྲ་ཁྲའི་ནང་གི་གཟུགས་ཅན། སེམས་དམར་པོའི་ནང་གི་འདང་ཆེན་དེ་ཡིན། ལས་དབང་གི་གོ་གླགས་ཉམས་མ་འགྱུར་ན། རྣམ་དག་གི་བརྩེ་བ་ལས་བལྟམས་པའི་གོམས་གཤིས་དང་། ལྷད་མེད་ཀྱི་དུང་བ་ལས་ཐོབ་པའི་ལྷག་བསམ་གྱི་འགན་འཁྲི་ཡིས་གཞུང་བསྲིངས་ཤིང་། དུང་བ་ལྷད་མེད་དང་དགའ་བ་དྭངས་མ། བརྩི་བཀུར་དག་མ་དང་གཅེས་སྐྱོང་རྣལ་མ་ཞིག་གི་བརྒྱུད་ནས་གཏན་གྱི་འདུན་མ་བཅོལ་ཆོག་པར་སྨོན། །




ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章