གླེ་གཞུག་པདྨ་མ་སྐྱབས་ཀྱི《ལྟད་ཆུང་ཉག་ག》སོགས།

文摘   2024-11-30 21:41   青海  




སྒྱུ་རྩལ་རིག་པའི་དོ་ར།



དཀར་ཆག


  • ལྟད་ཆུང་ཉག་ག/གླེ་གཞུག་པདྨ་སྐྱབས།

  • དགུན་ཟླ/གངས་ཆབ་ལྷ་སྲས།

  • འཚོ་བའི་སྣང་བ་མག་མོག/གཟུངས་སྐྱབས་རྒྱལ།





ལྟད་ཆུང་ཉག་ག


(ཟི་ལིང) གླེ་གཞུག་པདྨ་སྐྱབས།






ལྟད་ཆུང་ཉག་ག་ནི་ངེད་སྡེ་བའི་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་ཡོད་ལ། ཉག་ག་དེའི་གཡས་གཡོན་གཉིས་སུ་སྒོ་སྲུང་ལྟ་བུའི་དེའུ་འབུར་ཆུང་ཆུང་གཉིས་ཡོད། དེའུ་འབུར་དེ་གཉིས་ནི་དགུན་གྱི་ཁ་བ་དང་དབྱར་གྱི་ཆར་བ། སྟོན་གྱི་བ་མོ་དང་དཔྱིད་ཀྱི་རླུང་འཚུབ་སོགས་མདོར་ན་དུས་རབས་ཀྱི་རྡུལ་འཚུབ་ག་འདྲ་འཐིབས་ཀྱང་མགོ་སྒུར་མ་མྱོང་ལ། ཉྭ་ཡང་འདར་མ་མྱོང་བས་སྡེ་བ་འདིའི་འདས་དོན་གྱི་ལོ་རྒྱུས་ཡོད་ཚད་གཏེར་ལ་སྦས་པའི་ཚིག་མཛོད་ཆེན་པོ་གཉིས་དང་ཀུན་ནས་མཚུངས།
མ་ཎི་ཡིག་དྲུག་ངག་ལ་བཟློ་བའི་བགྲེས་པོ་དག་གིས་ཉག་ག་དེ་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོའི་རིགས་རྒྱུད་ལས་མཆེད་པའི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལས་ཨ་ཕོ་ལྡོང་གི་རིགས་རྒྱུད་ཀྱི་མཆེད་ཤུལ་ཡིན་ཞེས་སྐད་གསེང་མཐོན་པོར་བཤད་ལ། ཡང་སྔགས་འཆིང་རལ་བ་མགོ་ལ་དཀྲིས་པའི་རྒན་པོ་དག་གིས་དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བདུད་རིགས་མང་པོ་དམ་ལ་བཏགས་ཤུལ་ཡིན་པས་ཉག་གའི་འགྲམ་གྱི་རྡེའུ་འབུམ་ནི་སྒྲུབ་བྱེད་ཁུངས་བཙན་དུ་འདོད། གཞན་ཨ་ཡེ་རྒན་མོ་སྒྲུང་ལ་དགའ་བ་འགས་ཉག་ག་དེ་ནི་སེང་ལྕམ་འབྲུག་མོ་ཧོར་ནས་གླིང་ལ་ཡོང་སྐབས་བརྒྱུད་པའི་ཤུལ་ཡིན་པའི་གཏམ་རྒྱུད་ཀྱང་མང་དུ་བཤད་ཡོང་།
གང་ལྟར། ལྟད་ཆུང་ཉག་ག་དེ་ལས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོས་ཞབས་རྗེས་བཞག་མྱོང་ལ། ཐོབ་ཐམ་ག་ཅན་གྱི་དཔོན་ཆེན་ཡང་མང་པོ་ཕེབས་མྱོང་། དཔའ་ཞིང་རྟུལ་པའི་སྟག་ཤར་ཚོ་བསྟར་ལ་རྒྱུས་ཏེ་གཡུལ་ལ་བཤར་མྱོང་ལ། མྱངས་ཚ་དཀར་རྒྱན་ལྟ་བུའི་བག་མའང་མང་དུ་བསུས་མྱོང་། རྟ་ནོར་ལུག་གསུམ་གྱི་རྨིག་སྒྲའི་བར་ནས་ཕྱུགས་རྫི་རྒད་པོས་དམངས་གླུ་བླངས་མྱོང་ལ། མཛོ་ཁྱུང་དཀར་དོར་ལ་བསྡེབས་པའི་ཞིང་པ་རྒན་པོས་ལྕག་དབྱུག་ཀྱང་བསྐོར་མྱོང་།
ལྟད་ཆུང་ཉག་གའི་སྒོ་སྲུང་ལྟ་བུའི་དེའུ་འབུར་གཉིས་ལས་ཕྱིར་ཕ་ཡུལ་ལ་བལྟས་པ་ན། རང་སྡེ་ཕྲ་མོ་ནི་ཆོས་དུང་དཀར་པོ་གཡས་ལ་འཁྱིལ་བ་དང་འདྲ་ལ། སྡེ་བའི་སྲང་བར་དུ་བུད་ནས་ལྟད་ཆུང་ཉག་གར་བལྟས་པ་ན། ལྟད་ཆུང་ཉག་ག་ནི་རྒྱང་ནས་རྒྱང་ལ་འཐེན་པའི་རེ་བའི་འོད་སྣང་འཚེར་ས་ཞིག་ཀྱང་ཡིན།
ང་རང་ལྟད་ཆུང་ཉག་ག་བརྒྱུད་ནས་ཕ་ཡུལ་དང་ཁ་གྱེས་ཐེངས་རེར་ངེས་པར་ཕྱིར་ལྟ་ཐེངས་ཤིག་བྱ་དགོས་ཤིང་། ཕྱིར་ལྟའི་ཁྲོད་ནས་སྡེ་བའི་ཆགས་དབྱིབས་དང་གསར་བུ་ཚོའི་དགོད་སྒྲ། ལོ་ལོན་ཚོའི་ཁ་ཏོན་བར་གྱི་དབྱངས་རྟ། ཞིང་ཚིགས་རེ་རེའི་ཁ་གྲངས། ཆད་པ་མེད་པའི་མ་ཎི་ཁང་གི་བསང་དུད། འབྲི་གཡག་གི་ངུར་སྒྲ། ད་དུང་ཕ་ཡུལ་གྱི་ནམ་མཁའ་དང་སྤྲིན་པ། བསིལ་རླུང་དང་ཉི་མའི་འོད་ཟེར་བཅས་ལ་ཞིབ་ཉན་དང་ཞིབ་ལྟ་འགའ་བྱས་རྗེས་ཕ་ཡུལ་ལ་བདེ་མོ་བཞག་པ་ཡིན་ལ། ངས་རང་གི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་སྟེ་ཕྱིར་ཕ་ཡུལ་ལ་ལོག་སྐབས་སུའང་ཐེངས་དང་པོར་ལྟད་ཆུང་ཉག་ག་མཐོང་ཐུབ་ལ། ལྟད་ཆུང་ཉག་ག་མཐོང་མ་ཐག་ཐོག་མར་ཉག་གའི་གཡས་གཡོན་གྱི་དེའི་འབུར་དེ་གཉིས་ལ་གཟབ་ནན་གྱིས་བལྟ་དགོས་ཤིང་། དེ་ནས་ལྟད་ཆུང་ཉག་གའི་གཟི་ཉམས་དང་འོད་སྟོང་འབར་བའི་གསོན་ཉམས་དེར་སེམས་ཀྱིས་མྱོང་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་ངས་ལྟད་ཆུང་ཉག་གར་བལྟས་ནས་ནར་སོན་པ་ཡིན་ལ། ལྟད་ཆུང་ཉག་གས་ང་རང་ཚོ་འཚོས་ཞིང་གཉོར་བཞིན་ཡོད་པས་ཡིན་ཡང་སྲིད།
ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་རྐང་ལམ་ཡོད་ཚད་གཞུང་ལམ་ལ་བསྒྱུར་བའི་རྣམ་གྲངས་ཤིག་ཡོང་སྟེ། སྡེ་མི་ཡོངས་ཀྱིས་འཇོར་དང་ཐོ་བ། ལྕགས་ཁེམ་སོགས་བཟུང་ནས་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ཁ་ཤོ་སྣ་ཤོ་རུ་གཏོང་རྩིས་བྱས་ཀྱང་། ཆར་བ་དང་འབྲུག་སྒྲས་གནམ་ས་གཡོ་བ་ལྟ་བུའི་སྒྱུ་འཕྲུལ་གྱི་རྣམ་པ་མང་དུ་བསྟན་པས་ན། སྡེ་མི་ཡོངས་ཀྱིས་དེའུ་འབུར་གཉིས་ལ་གནས་པའི་གནས་བདག་དང་སྡེ་བའི་གཞི་བདག་གི་ཐུགས་ཁྲོས་བར་སྙམ་ནས་རེ་ཞིག་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་བཏང་སྙོམས་སུ་མི་འཇོག་ག་མེད་དུ་གྱུར། ཡིན་ནའང་ལོ་ཟླའི་བཞུར་རྒྱུན་གྱི་ཀློང་ནས་མི་སེམས་ཀྱང་ནམ་མཁའི་སྤྲིན་པ་བཞིན་འཁྲིགས་ཤིང་། ལྷག་པར་གཅེས་སྲོག་ལས་སྒོར་མོ་གཙིག་ཏུ་བཀུར་བ་འགས་སྔར་བཞིན་འཇོར་དང་ཐོ་བ་སོགས་ཐོགས་ནས་ལྟད་ཆུང་ཉག་གའི་གཡོན་ཕྱོགས་ཀྱི་དེའུ་འབུར་དེ་ཁ་ཤོ་སྣ་ཤོ་དུ་བཏང་བར་མ་ཟད། དེའུ་འབུར་གཉིས་ཀྱི་བར་ན་ཡོད་པའི་རྡེའུ་འབུམ་དེའང་སླེ་བོ་སོགས་སུ་འཁུར་ནས་ས་རྒོད་དུ་གྱུར་ཡོད་པའི་ཞིང་བར་སོགས་ལ་བླུགས་པ་ནས་བཟུང་། གནམ་ནས་འབབ་ཆུ་དཀོན་ཞིང་ས་ནས་ལོ་ཏོག་དང་རྩྭ་རྩི་ཤིང་སོགས་སྐྱེས་མ་ཐུབ་པར་ས་གཞི་ཐམས་ཅད་ཐལ་མདོག་ཏུ་གྱུར་ཏེ་ཐན་པས་རབ་ཏུ་མནར་བས། སྡེ་བའི་རྒན་རྒོན་འགས་མངོན་མཁྱེན་ལ་འཆུག་པ་མེད་པའི་གྲུབ་ཐོབ་པ་ཞིག་ལ་མོ་རྩིས་ལུང་བསྟན་ཞུས་པ་ན། ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ལ་གནོད་སྐྱོན་བཟོས་པས་ཡིན་ཞིང་། གལ་སྲིད་མྱུར་མོའི་ངང་གཡས་གཡོན་གྱི་དེའུ་འབུར་དེ་གཉིས་སྔོན་ལྟར་དུ་བཟོ་བཅོས་མ་བྱས་ཚེ། སྡེ་བ་འདིའང་ཁ་ཐོར་སྣ་ཐོར་དུ་འགྱུར་སྲིད་ཅེས་བཤད་པ་ན། སྡེ་བར་ཤ་ཚ་ཞིང་སྙིང་ཉེ་བ་འགས་འཇོར་དང་ལྕགས་ཁེམས་བཟུང་ནས་དེའུ་འབུར་དེ་གཉིས་བཟོ་བཅོས་ཅི་ཐུབ་བྱས་ནའང་། སྡེ་མི་མང་ཤོས་ཤིག་གིས་གྲུབ་ཐོབ་པའི་ལུང་བསྟན་ནི་རྨོངས་དད་དུ་འདོད་པ་དང་། ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་ལ་སླར་གསོ་བྱེད་པ་ནི་བླུན་རྟགས་དུ་འདོད་པས་དེའུ་འབུར་དེ་གཉིས་ནི་ཕྱེད་ཙམ་ལས་སླར་གསོ་བྱེད་མ་ཐུབ་ལ། སྲོག་སྙིང་ལྟ་བུའི་རྡེའུ་འབུམ་དེ་ཅི་ནས་ཀྱང་སླར་གསོ་བྱེད་མ་ཐུབ་པས། ཁྱིམ་ཚང་ཞིག་ལ་མཚོན་ནས་བཤད་ན་སྒོ་ཆེན་ལ་ཆགས་སྐྱོན་ཤོར་བ་བཞིན་སྡེ་མི་འགས་ས་ཞིང་རྒོད་དུ་བསྒྱུར་ཅིང་། སྒོ་ཕྱུགས་གཞན་ལ་བཙོངས་པ་སོགས་བྱས་ནས་ཕ་ཡུལ་དང་རྒྱང་དུ་གྱེས་ནས་དབྱར་དགུན་སྟོན་དཔྱིད་མེད་པར་ཞོར་ལས་ལ་འབད་དེ་ཕ་ཡུལ་ནི་མེ་ལོང་ལ་ཧ་བཏབ་པ་བཞིན་བརྗེད་ཟིན་པའང་གང་མང་ཞིག་ཡོད།
དེ་ནས་ལོ་ངོ་འགའ་འགོར་བ་ན། བདུད་ཀྱི་ཆོ་འཕྲུལ་ལྟ་བུའི་འདྲེ་མོ་ལག་རིང་དང་མཚུངས་པའི་འཕྲུལ་ཆས་འགའ་ཡོང་ནས་སློག་མི་རུང་བའི་གནས་རི་སློག་པ་དང་། བརྐོ་མི་རུང་བའི་གཉན་ས་འགའ་བརྐོས་པ་ན། སྡེ་མི་རྣམས་ཀྱིས་སྨྱོ་ཆུ་འཐུང་བ་བཞིན་གཅིག་རྗེས་གཅིག་གིས་མ་ཆོད་པར་ཕ་ཡུལ་ལ་གཏན་དུ་བདེ་མོ་བཞག་པ་རེད།
དུས་དེ་ནས་བཟུང་རྒྱུན་པར་ངའི་རྨི་ལམ་དུ་ཕ་ཡུལ་རྨིས་ཤིང་། ལྷག་པར་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་གཉིས་ཀྱི་སྟེང་བྱིས་པ་འགའ་དང་ལྷན་དུ་རྩེད་མོ་རྩེད་བཞིན་པ་རྨིས་ཡོང་།
ན་ནིང་དབྱར་ཁར་ང་རང་ལྟེ་ཁྲག་འཐོར་སའི་ཕ་ཡུལ་ལ་ཆས་ཤིང་། ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའི་འབུར་གཉིས་ཀྱི་སྟེང་དུ་ལྷ་བསང་རེ་ཕུལ་ནས་ས་ལྟ་ཡུལ་ལྟ་ཞིག་བྱས་པ་ན། མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ལྟེམས་མེར་འཁྱིལ་བའི་རོང་སྡེ་ཞིག་ཤུལ་མེད་དུ་གྱུར་ཅིང་། དེའི་གཡས་གཡོན་དང་མདུན་རྒྱབ་ཏུ་ཡོད་པའི་ཞིང་ས་ཡང་ཐང་རྒོད་དུ་གྱུར་བ་དང་། རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་བཀྲ་བའི་རྨིག་རྗེས་ཀྱང་བྱེ་ཐང་གི་རི་མོ་བཞིན་བརྟན་དུ་ཡལ་བར་གྱུར་བ་ནི་ང་ལ་མཚོན་ན་རྨི་ལམ་ལྟ་བུའི་འཕྲུལ་སྣང་ཞིག་དུ་མི་འགྱུར་ག་མེད་བྱུང་།

སྐབས་དེར། ངས་ལྟད་ཆུང་ཉག་གའི་གཡས་གཡོན་གྱི་དེའུ་འབུར་རེ་རེའི་སྟེང་ནས་ཕ་ཡུལ་ཕྱོགས་སུ་འཁོར་ཏེ་ཕྱག་གསུམ་རེ་འཚལ་རྗེས། ལོ་ཟླས་རིམ་གྱིས་དེད་ནས་ནམ་ཞིག་ངའི་དབུགས་ཀྱི་རྒྱུ་བ་འགག་པའི་ཚེ་རུས་པ་སྤར་མོ་གང་བོ་ཡང་གནས་འདིའི་རི་ཀློང་ཐང་གསུམ་གྱི་འབྱུང་བཞི་ལ་འཐིམ་པའི་རེ་བ་དང་སྨོན་ལམ་བཏབས་པ་ཡིན་ནོ། །









དགུན་ཟླ།


(མཚོ་ལྷོ) གངས་ཆབ་ལྷ་སྲས།





དགུན་ཟླ་དེ་ལྟར་བཞུད་ཆོག་པར་ཞུ།

གྲང་ངར་དང་བུ་ཡུག་ལྷན་དུ་ལྡང་ཞིང་།

ཉི་འོད་ཀྱིས་ངོ་གདོང་བསྲེགས་རྗེས།

ཙག་ཁ་ནས་ལང་ཚོ་ཟད་ཀྱིན་བཞུད་ཆོག་པར་ཞུ།


དགུན་ཟླ་དེ་ལྟར་བཞུད་ཆོག་པར་ཞུ།

སྐྱ་རེངས་ཀྱི་ཞལ་ཁྱིམ་མིག་གིས་འཚོས་ཏེ།

ས་སྲོད་ཀྱི་གྲིབ་གཟུགས་སེམས་པས་གཉོར་བཞིན།

ཟླ་ཟེར་མེད་པའི་བྱ་བྲལ་གྱི་ཀློང་ནས་བཞུད་ཆོག་པར་ཞུ།


དགུན་ཟླ་དེ་ལྟར་བཞུད་ཆོག་པར་ཞུ།

ཉིན་དང་མཚན་ལ་བར་མི་ཆད་པར་ཁ་བ་འབབ་ཅིང་།

འཁྱག་སིབ་སིབ་ཀྱི་རླུང་བུས་རྩྭ་སྐྱ་བརྒུམས་ཏེ།

མི་སེམས་ཀྱི་སྣང་བ་སིལ་བུར་འཐོར་བ་ལྷན་བཞུད་ཆོག་པར་ཞུ།


སྒོ་ཁྱིའི་ཟུག་སྐད་དེས་གནམ་སར་གཡོས་ཤིང་།

གཡང་འབྲི་མོས་རྡང་སྣེ་ནས་ངུར་སྒྲ་འཐེན་རྗེས།

རྟ་ཁྱུ་ཞོགས་པའི་རྨིག་སྒྲས་ལུག་ཚང་དཀྲོགས་མཐར།

དུ་ཞག་འཐུལ་བའི་ལྷས་འདབས་ནས་བཞུད་ཆོག་པར་ཞུ།


དགུན་ཟླ་དེ་ལྟར་བཞུད་ཆོག་པར་ཞུ།

ཁེར་རྐྱང་ཚོས་ལག་ཟུང་ནང་དུ་བྲིས་ཤིང་།

རྒྱལ་ཁམས་པ་ཚོས་ས་རུ་རྐང་རྗེས་དཔར་ནས།

རང་ཉིད་ཀྱི་མི་ཚེ་དང་བསྡོངས་ཏེ་ཁད་ཀྱིས་བཞུད་ཆོར་པར་ཞུ།


དགུན་ཟླ་དེ་ལྟར་བཞུད་ཆོག་པར་ཞུ།

མདུན་དུ་འཕྱང་བའི།

གྱང་ངོས་ཀྱི་མེ་ལོང་ཆག་རོ་དེའི་ནང་ནས།

དགུན་ཟླ་འདར་ཡོམ་ཡོམ་གྱིས་རྫོགས་དུས།

སེམས་ཉིད་འདི་གློ་རྡེག་ཏུ་བསྲོ་བྱེད་དུ།

སྙན་ངག་ལྟ་བུའི་རྡོག་ཁྲེས་འཁུར་ནས་བཞུད་ཆོག་པར་ཞུ།







འཚོ་བའི་སྣང་བ་མག་མོག

(རྩེ་ཁོག) གཟུངས་སྐྱབས་རྒྱལ།


                                              




ལོ་ཡི་ཆུ་མོ་མདུན་ནས་མདུན་ལ་བསྐྱོད་དེ། །
ལང་ཚོའི་མེ་ཏོག་སྐད་ཅིག་སྐད་ཅིག་ཡལ་དུས། །
མ་འགྲུབ་རྒྱབ་ཏུ་ལུས་པའི་ལས་དོན་སྣ་ཚོགས། །
ཆུ་ནང་ཕ་བོང་ལས་ཀྱང་སེམས་སུ་ལྗིད་སོང་། །

ལོ་ཟླའི་རླུང་གིས་བདས་པའི་ལམ་སྣེ་རེ་ན། །
དབུ་སྐྲ་རྒྱ་ལྕང་ལོ་མ་ཐ་ཐོར་འཐོར་དུས། །
སེམས་ན་གནག་པའི་བྱ་བ་ཕྲན་ཚེགས་ཙམ་ཡང་། །
ཡིད་སེམས་ཆུ་མོ་འཁྱག་པའི་རྒྱུ་རུ་གྲུབ་འདུག །

རྒྱང་ལ་བསྐྱོད་འདོད་གོམ་ཁ་མདུན་ལ་སྤོས་ན། །
རྒྱབ་ཀྱི་ཞེ་ཁྲེལ་མང་པོས་གཏོང་བ་མི་གནང་། །
མ་སོང་ཁབ་ཏུ་ཡུད་ཙམ་གཡེལ་ན་བསམ་ཚེ། །
ལུས་སེམས་མི་ཚུགས་ཁབ་ཀྱིས་གཙགས་པ་འདྲ་ལེ། །

དཔྲལ་བར་ཕབ་པའི་གཉེར་མའི་རི་མོ་རེ་རེ། །
དཀའ་སྡུག་འཚོ་བ་བསགས་པའི་ལམ་བུ་རེ་སྟེ། །
འཇིག་རྟེན་འཚོ་ཚིས་ལྟོ་རྒྱབ་དབང་གྲགས་སླད་དུ། །
མ་ཤི་ཞེ་ལྷོད་མི་འདུག་འདུར་རྒྱུག་རྒོད་ལེ། །

མི་ཡུལ་འཚོ་བའི་གར་སྟེགས་རིང་མོའི་སྟེང་དུ། །
མུ་ནས་མུ་རུ་དགའ་སྐྱོའི་ཟློས་གར་འཁྲབ་སྟེ། །
མེ་ངར་མཆེད་འདྲའི་ལང་ཚོའི་སྟོབས་ཤུགས་ཟད་ཀྱང་། །
མོ་བྲན་ལས་འདྲར་ཁོམ་པའི་སྐབས་གླགས་དཀོན་པ། །

ཐོ་རེངས་ཁྱུང་སྔོན་སྐྱེས་ཀྱི་ཆིབ་པར་ཞོན་ཏེ། །
དཀའ་སྡུག་ལས་ཀྱི་ཁུར་བོའི་སྣེ་མོར་འཇུས་ཀྱང་། །
མཚན་གྱི་སྐར་ཚོགས་དགོད་དུས་ནང་དུ་ལོག་ན། །
ལས་འཕྲོ་མི་རྫོགས་མི་རྒན་ཁ་སྤུ་འདྲ་བྱུང་། །

འཕྲལ་ལ་ཞེན་པའི་སྣང་བ་ཁྲ་ཁྲ་དེ་ཡིས། །
རྒྱང་ལ་ཕྱོགས་པའི་འདུན་པ་སྒྲོག་གིས་འཆིང་སྟེ། །
ཕུགས་ལ་ཡིད་སེམས་མ་གཡོས་ན་ཚོད་འདའ་དུས། །
སེམས་ལ་ཚེར་མའི་ཕུང་བོ་ཤིག་ཤིག་འཚང་བྱུང་། །

ན་རྒས་ས་སྲོད་གྲིབ་མ་ག་ལེར་ཕེབས་ནས། །
ལང་ཚོའི་སྤོབས་སེམས་འོད་སྣང་ལ་ཁར་བཞུད་དུས། །
ནང་སེམས་གུ་དོག་གྲོག་རོང་ཕྲ་མོའི་ནང་དུ། །
འགྱོད་བརྡལ་མུན་པའི་ན་བུན་ལང་ལོང་འཁྲིགས་བྱུང་། །

འབུ་སྲིན་གྲོག་སྦུར་ནག་པོའི་བང་རྩལ་བསྐྱེད་དེ། །
དར་ཅིག་མ་བསྡད་འདུར་རྒྱུག་ལས་ལ་བྲེལ་ནས། །
མི་རིང་མི་ཐུང་མི་ཚེའི་ཕྱེད་ཀ་ཤོར་དུས། །
ངོམ་དུ་རི་བའི་གྲུབ་འབྲས་ཀླད་གོར་ཙམ་རེད། །

ཅི་ཞིག་འཐོབ་འདོད་ཧམ་པས་མདུན་ལ་བསྐྱོད་ན། །
གང་ཞིག་ཤོར་དོགས་ཡིད་སེམས་བདེ་ཐབས་མི་འདུག །
ཐོབ་ཤོར་དར་རྒུད་ལམ་གྱི་འདྲེས་མདོར་ལུས་པའི། །
མི་ཚེའི་ཁ་དོག་འཚོ་བའི་འགལ་ཟླས་གྲུབ་རེད། །

སྐད་ཅིག་གཡེང་འདོད་སེམས་ཀྱི་རྟ་ཕོའི་གྲུག་ཏུ། །
གང་ཞིག་དགོས་འདོད་ཧམ་པའི་ལྕག་གིས་བྲབས་ཏེ། །
མངར་སྐྱུར་འཚོ་བའི་མི་ཚེའི་སྐྱ་མོ་ལམ་དུ། །
སོས་དད་བག་ཕེབས་བསྐལ་བ་རྟ་རྔ་འདྲ་ལེ། །

ཉམ་ཐག་སྡུག་གིས་མནར་བའི་གཅོང་སྐད་ཐོས་ན། །
དཀའ་བས་མནན་མེད་འཚོ་བ་འགྲིག་འདུག་སྙམ་ཏེ། །
མངའ་ཐང་སྟོབས་འབྱོར་ཅན་གྱི་རྩོལ་བ་མཐོང་ཚེ། །
སྡོད་དུ་མི་འོངས་སེམས་སུ་བྲེལ་ཤ་འཚུབ་བྱུང་། །

འཚོ་བའི་མཚོ་མོ་སྐྱོམ་པའི་རླབས་ཀྱི་ངོགས་སུ། །
མི་ཚེའི་དར་རྒུད་མ་ངེས་ཀོ་གྲུ་བསྐྱོད་འདྲ། །
ཀྱག་ཀྱོག་བགྲོད་ལམ་རིང་མོའི་ཕ་མཐའ་འགྲིམ་ལ། །
དཀའ་སྡུག་རྩོལ་བ་མ་བསྟེན་ཐར་ལམ་གཞན་ཅི། །

བལྟས་ན་མཛེས་མཛེས་འདྲ་བའི་འཚོ་བའི་རི་མོ། །
མྱངས་ན་མངར་སྐྱུར་ཁམས་ཀྱི་ཞེན་པ་ལོག་ཀྱང་། །
འདོད་ཡོན་ལོངས་སྤྱོད་འཇིག་རྟེན་འཚོ་ཚིས་སླད་དུ། །
སྐྱིད་སྡུག་ཟོ་ཁྱུད་འཁོར་མོ་བསྐྱར་ཟློས་བྱ་དགོས། །




ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章