ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
(2025ལོའི་ཟླ1ཚེས8ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ1པའི་ཚེས་ཉིན6ནས་ཚེས8ཉིན་བར་པེ་ཅིང་དུ་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན131དང་མི247ཟུར་ཞུགས་བྱས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཞུགས།ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད། 2024ལོའི་སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་ལ་སྤྱི་བསྡོམས་དང2025ལོའི་ལས་འགན་ལ་བཀོད་སྒྲིག་བྱས་པ་ལས་གཞན། བློ་མཐུན་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི《ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས》ཞེས་པའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་གཏིང་ཟབ་བླངས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། གསུང་བཤད་ཀྱིས་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་ལས་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་ཤིང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ལས་འགན་དང་འགན་འཁྲི་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ལོ་རྒྱུས་ཀྱི་མིག་རྒྱང་རིང་པོ་བཅངས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་པ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་དང་། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནས་སྟངས་ལ་དབྱེ་ཞིབ་ནན་མོ་བྱས་ནས། དར་ཆ་གསལ་སྟོན་གྱི་སྒོ་ནས་ངོས་འཛིན་ནོར་འཁྲུལ་ཅན་དག་སེལ་དང་བསམ་བློའི་སྨུག་ལོང་སེལ་བར་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་རྒྱུའི་བླང་བྱ་གསལ་པོ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པ་སྤྱད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་པར་འཐབ་ཇུས་བཀོད་སྒྲིག་གང་ལེགས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་ལ་རེ་བ་ཆེན་པོ་བཏོན་ཡོད། གསུང་བཤད་དེར་མིག་རྒྱང་རིང་ལ་དགོངས་པ་རྒྱ་ཆེ་ཞིང། གནད་དོན་ལ་ཐད་ཀར་གཏོང་གཏད་པ། བློ་ཡི་མུན་པ་སེལ་བ་བཅས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་རྫོགས་ཡོད་པར་མ་ཟད། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་དབང་གིས། དེས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་ནན་མོ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། ཡིད་ཆེས་བརྟན་གཏོང་དང་འཐབ་རྩོད་བྱེད་ཕོད་པ། ལྟ་སྐུལ་གྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་བ། རང་འཁྲིའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན”ལ་དམ་པོར་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་དང་སྒྲིག་ཁྲིམས་གཙང་སེལ་བྱས་ཏེ། དུས་ནམ་ཡང་ལམ་དུ་ཡོད་པའི་འགྱུར་མེད་བསམ་པ་བཅངས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཁུངས་བཙུན་ཅན་བཅས་ཀྱི་་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་དང་འཐབ་རྩོད་བྱེད་ཕོད་པར་བྱེད་རྒྱུ་ཡིན་ཟེར།ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། 2024ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་སྣེ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱས་ཤིང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་དང་སྤྱོད་གཙང་སྒྲིག་ནན། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ལ། བརྗོད་དོན་སློབ་གསོ་དང་སློབ་གསོ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། གྲུབ་འབྲས་གསར་པ་ཐོབ་པར་འབད་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལོ་ཧྲིལ་པོར་ཁྱབ་པར་བྱེད་པའི་བརྗོད་དོན་གཙོ་ཐིག་ཏུ་བརྩིས་ནས། ཁོངས་གཏོགས་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཞིབ་ཕྲ་ལེན་རྒྱུར་སྐུལ་ཁྲིད་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་པོ་ཡོང་བར་བྱས། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་ལྡན་ཅན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་ཆབ་སྲིད་ལྟ་སྐུལ་ཟབ་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཆབ་སྲིད་བྱེད་ཕྱོགས་ཆེན་མོ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་སྐབས“རུ་སྟར་དང་པོ་ལེགས་པོར་བགྲོད་པར”འབད་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་དེར་གོ་བ་ནན་མོ་བླངས་ནས། “སྒྲིག་ཁྲིམས་དྲུག”དམ་འཛིན་བྱས་ནས་དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་གྲོས་བསྡུར་ཟབ་མོ་བྱས་ཏེ། མ་ལག་ཡོངས་ཀྱིས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་རྒྱུས་མངའ་ཡོད་པར་བྱེད་པ། བེད་སྤྱོད་བྱེད་མཁས་པ་བཅས་ཀྱི་ཐད་སྣེ་ཁྲིད་བྱས་ཏེ། ཏང་ཡོངས་ཀྱིས་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ཤེས་རྟོགས་བྱེད་པ། སྒྲིག་ཁྲིམས་དམ་སྲུང་ཡོང་བ་བཅས་ཀྱི་ཐད་སྐུལ་འདེད་བཏང་། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་མུ་མཐུད་དུ་བཀག་འགོག་ནན་མོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དྲག་ཤུགས་ཆེན་པོས་བཅོས་སྐྱོང་བྱས་ཏེ། རྒྱུན་རྣམ་ཅན་དང་ཡུན་རིང་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་མོ་ཡོང་བར་ཁག་ཐེག་བྱས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ནན་མོ་བཏང་སྟེ། དངུལ་རྩ་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། ཐ་མག སྨན་རྫས། ལུས་རྩལ། རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན། དམིགས་འགུལ་དམིགས་འཇོག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱ་སྐྱེད་དུ་བཏང་བ་དང་། ཆབ་ཚོང་ངན་འབྲེལ་གྱི་རུལ་སུངས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་ནན་མོ་བྱས་པ་དང་། ལྐོག་དངུལ་སྟེར་ལེན་ལ་མཉམ་དུ་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་ཟབ་སྤེལ་བཏང་སྟེ། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ནུས་ལྡན་ངང་མེད་པར་བཟོས། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཅི་ཡོད་ལ་གཅིག་སྡུད་བཅོས་སྐྱོང་བྱས་ཏེ། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས“རུལ་སུངས་ཆེ་ཆུང་ཅི་རིགས”ལ་ཆད་གཅོད་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་། ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་བཏང་སྟེ། སྡེ་ཁག་དང་ལས་ཁུངས68ལ་རྒྱུན་སྲོལ་སྐོར་ཞིབ་བྱས་ནས། དངུལ་རྩའི་ཁྱབ་ཁོངས་ལ་མཉམ་འགུལ་སྐོར་ཞིབ་དང་ས་གནས་རིམ་པའི་གྲོང་ཁྱེར་རིམ་སྤོར་སྐོར་ཞིབ་ཐེངས་དང་པོ་བྱས་ཏེ། སྐོར་ཞིབ་ཀྱི་ཞོར་དུ་ཞིབ་བཤེར་དང་། འཕྲལ་དུ་ལག་བསྟར་དང་བཅོས་སྒྱུར་ལས་དོན་དངོས་སུ་བསྒྲུབས་པར་བརྟེན། སྐོར་ཞིབ་དང་སྐོར་ཞིབ་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་སྔར་ལས་མངོན་གསལ་ཅན་དུ་ཕྱིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་ལམ་སྲོལ་དང་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་ལས་དོན་ལེགས་པར་བསྒྲུབས་ལ། གཞི་གྲངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་ཀྱི་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་སྤྱོད་བཟང་སྒྲིག་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་ནུས་དངོས་སུ་བསྒྱུར་བའི་ཐད་སྐུལ་འདེད་བཏང་། གྲུབ་འབྲས་ཁས་བླངས་པ་དང་མཉམ་དུ། ཞིབ་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་གནས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དབྱེ་ཞིབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་མོ་བྱས་ཡོད།ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བླང་བྱ་གསར་པ་སྔར་ལས་ཆེན་པོ་བཏོན་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་གཅོད་ཡང་བྱས་པ་དང་ལས་འགན་མཐའ་དག་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་པའི་སྟེང་ཏུ་དངོས་སུ་གཅིག་གྱུར་བྱས་ཏེ། དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཁྲེགས་གཏོར་དམག་འཐབ་དེར་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་ཛ་དྲག་ལྡན་ལ་རྙོག་འཛིང་ཆེ་བའི་གནས་བབ་ཁོང་དུ་ཆུད་པར་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཡུན་རིང་དམག་འཐབ་དེར་རྒྱལ་ཁ་ཐོབ་ངེས་པའི་སྙིང་རུས་ཇེ་བརྟན་དུ་གཏོང་དགོས་ཤིང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་བྱེད་ཕྱོགས་དང་ཐབས་ཇུས་གཞི་གཅིག་ཏུ་ལག་བསྟར་བྱེད་རྒྱུ་དམ་འཛིན་ནན་མོ་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱིའི་དམག་འཐབ་འདིར་རྒྱལ་ཁ་ཐོབ་ངེས་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས།ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན། ད་ལོའི་ལས་དོན་ལེགས་པར་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བཅས་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།གཅིག་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་ཆབ་སྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་ཡུན་རིང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་ཆེན་པོ་གཏོང་དགོས། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། བཅོས་སྒྱུར་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་དང“དམ་པོར་དམིགས་དགོས་པ་བདུན”དང་། ཡན་ལག་ཁྱབ་ཁོངས13ཀྱི་འཕེལ་རིམ་གནས་ཚུལ་ལ་དམ་པོར་དམིགས་ནས། ལྟ་སྐུལ་གྱི་ནང་དོན་ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་དུ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བཅོས་སྒྱུར་བྱེད་པ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།གཉིས་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བཏང་སྟེ། སྒྲིག་སྲོལ་སྒྲིག་ཁྲིམས་བརྩི་སྲུང་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་ངང་གིས་གྲུབ་པར་སྐུལ་འདེད་ཆེན་པོ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ནན་མོ་བྱེད་པའི་ཐད་སྔར་ལས་སྲ་བརྟན་དང་ཟབ་སྤེལ་གཏོང་རྒྱུ་དང་། གཙོ་གནད་ནང་དོན་དང་གཙོ་གནད་བྱ་ཡུལ་འབུར་དུ་ཐོན་པར་བྱེད་པ། སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་སྟངས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དེ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་ཁྲིད་སྟོན་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པའི་ཐད་སྔར་ལས་སྲ་བརྟན་དང་ཟབ་སྤེལ་བཏང་སྟེ། སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཤེས་རྟོགས་བྱུང་བ་དང་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱས་ཏེ། སྒྲིག་ཁྲིམས་ཀྱི་མཁྲེགས་གཤིས་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། “རྣམ་པ་བཞི”བེད་སྤྱོད་ཡང་དག་བྱེད་པའི་ཐད་སྔར་ལས་སྲ་བརྟན་དང་ཟབ་སྤེལ་བཏང་སྟེ། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་འགོག་སྲུང་གི་ནུས་པ་འདོན་སྤེལ་བྱེད་དགོས།གསུམ་ནི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མཉམ་བཤེར་མཉམབཅོས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་ཆེན་པོ་གཏོང་དགོས། ཀུན་སྤྱོད་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ“མཉམ་བཤེར”བྱས་ནས་ཆད་གཅོད་ནན་མོ་བྱེད་རྒྱུ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་ཐག་རྦད་ཆོད་སྒོས་དོན་འཁྱོལ་བྱས་ཏེ། གཟབ་ནན་མཐའ་འཁྱོལ་གྱི་བྱེད་ཕྱོགས་བཟུང་ནས“སྤྱོད་ངན་བཞི”ཡོ་བསྲང་བྱེད་པ་དང་། ཉེན་ཁར་མི་འཛེམས་པར་སྒྲིག་ཁྲིམས་དང་འགལ་བ་དང་མངོན་མེད་གཞན་འགྱུར། ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོ་བ། གཞི་རིམ་གྱི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་ཟབ་མོ་བྱེད་དགོས། རུལ་སུངས་ལ་མཚམས་མི་འཇོག་པར་ཆད་གཅོད་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་བསྲེས་ཀྱི་རུལ་སུངས་གྱོད་དོན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། དངུལ་རྩ་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། མེ་ཟོན། དུ་ཐ། སྨན་རྫས། མཐོ་རིམ་སློབ་ཆེན། ལུས་རྩལ། གསར་སྤེལ་ཁུལ། བཟོ་སྐྲུན་འཛུགས་སྐྲུན། དམིགས་འགུལ་དམིགས་འཇོག་སོགས་ཁྱབ་ཁོངས་ཀྱི་མ་ལག་བཅོས་སྒྲིག་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ་དང་། རུལ་སུངས་ཀྱི་ཚུལ་གསར་པ་དང་མངོན་མེད་རུལ་སུངས་ཤེས་རྟོགས་བྱེད་པ་དང་དེར་བདེན་དཔང་ལེན་པ། དེའི་ངོ་བོ་གཏན་འཁེལ་བྱེད་པ་བཅས་ཀྱི་དཀའ་གནད་ཧུར་ཐག་གིས་ཐག་གཅོད་པ། འགན་དབང་གང་བྱུང་དུ་སྤྱོད་པ་དང་ལས་འགན་སྣང་མེད་དུ་འཇོག་པ། སྒྲིག་འགལ་གྱིས་ཇུས་ཐག་གཅོད་པ་བཅས་ལས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་པའི་གནད་དོན་ལ་ཞིབ་བཤེར་ཆད་གཅོད་ནན་མོ་བྱེད་པ་དང་། རྒྱུན་དུ་ལས་བྱེད་པ་སྒྲིག་འགལ་བྱེད་དུ་འཇུག་པ་དང་ས་གནས་ལ་གནོད་འཚེ་གཏོང་བའི་ལྐོག་རྔན་སྤྲོད་མཁན་དེ་དག་ལ་ཞིབ་བཤེར་ཆད་གཅོད་ནན་མོ་བྱེད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “མཉམ་སྐྱོང”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་བ་དང་། མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླས་སྒྲིག་འགལ་གྱིས་ཚོང་གཉེར་བ་དང་ཁེ་ལས་གཉེར་བ་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཨུས་གཅིག་གྱུར་མགོ་ཁྲིད་བྱེད་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་པ་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་ལ་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ལྐོག་རྔན་སྤྲོད་མཁན་གཙོ་བོར་མཉམ་འབྲེལ་སྒོས་ཆད་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། 2025ལོ་ནས2027ལོའི་བར་གྱི་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ནས། ཀྲུང་གོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གཏམ་རྒྱུད་ཡག་པོར་བཤད་དགོས། “ཞིབ་བཤེར”དང“བཅོས་སྐྱོང”ཟུང་སྦྲེལ་ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ལ་བཀག་འགོག་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གཏན་འབེབས་བྱས་ཏེ། གཞི་གྲངས་ཆེན་མོའི་ཆ་འཕྲིན་ཅན་ལ་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ནུས་པ་འདོན་དགོས།བཞི་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མུ་མཐུད་བཅོས་སྐྱོང་ནན་མོ་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་ལེགས་པ་དང་སྔར་ལས་དྲང་གཞག་སྒོས་ཕན་འདོགས་རྒྱུར་སྐུལ་འདེད་ཆེན་པོ་གཏོང་དགོས། “རུལ་སུངས་པ་ཆེ་ཆུང་ཅི་རིགས”ལ་མུ་མཐུད་དུ་ཆད་གཅོད་ཆེན་པོ་བྱས་ཏེ། རྫོང་མན་གྱི་འགག་རྩའི་ལྷུ་ཚིགས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་མུ་མཐུད་དམ་འཛིན་བྱེད་དགོས། “སློབ་གྲྭའི་ཟ་མ”དང་ཞིང་སྡེའི་ཐུན་མོང་གི“མ་རྩ་གསུམ”གྱི་དོ་དམ། གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ། སྨན་བཅོས་འགན་སྲུང་ཐེབས་རྩའི་དོ་དམ། རྒན་གསོ་ཞབས་ཞུ་སོགས་ཐད་ཀྱི་འབུར་དུ་ཐོན་པའི་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་པ་དང་། དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་ཏན་ཏིག་གིས་སྤེལ་དགོས། ས་གནས་སོ་སོས་དམངས་ཚིས་ཀྱི་དཀའ་ས་དང་སྡུག་ས་བདམས་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་བཅོས་སྐྱོང་བྱ་རྒྱུར་མཛུབ་སྟོན་བྱས་ཏེ་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ཤེས་ཐུབ་པར་བྱེད་དགོས།ལྔ་ནི་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནསབརྟན་སྲུང་བྱས་ཏེ། སྐོར་ཞིབ་ཁྲོད་དུ་གནད་དོན་སྔར་ལས་གནད་ལ་འཁེལ་བར་ཤེས་རྟོགས་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་དགོས། ཆབ་སྲིད་ཀྱི་སྐོར་ཞིབ་ནན་མོར་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འགལ་བ་གཙོ་བོ་དང་བཅོས་སྒྱུར་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ནོར་འཛོལ་ཆེན་པོ་འཚོལ་ཞིབ་ནན་མོ་བྱེད་དགོས། རྒྱུན་སྲོལ་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ། སྐབས་བསྟུན་སྐོར་ཞིབ། སྐོར་ཞིབ་ཕྱིར་ལྟ་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། རིམ་འདེགས་སྐོར་ཞིབ་སྟབས་བསྟུན་ངང་སྤེལ་དགོས། ཀྲུང་དབྱང་ལས་ཁུངས་ནང་ཁུལ་གྱི་སྐོར་ཞིབ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལྟ་སྐུལ་གྱི་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྡེ་བའི་སྐོར་ཞིབ་བྱ་བ་ཟབ་མོར་སྤེལ་དགོས། དག་ཐེར་གྱི་འགན་འཁྲི་གཙོ་བོ་ནན་མོར་དཀྲི་བ་དང་། དག་ཐེར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དག་ཐེར་གྱི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།དྲུག་ནི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་ནན་མོ་བྱས་ནས། ཏང་གི་རང་ངོས་གསར་བརྗེ་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཆེན་པོ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་དང་མངགས་གཏོང་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་ལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་ཕྱོགས་ཡོངས་ནས་མངགས་གཏོང་བྱས་ཏེ། འབྲེལ་ཡོད་མངགས་གཏོང་ལས་ཁུངས་ཀྱིས་བཅའ་སྡོད་བྱེད་སའི་ལས་ཁུངས་ཀྱི་རིམ་པ་འོག་མའི་ལས་ཁུངས་དང་། པུའུ་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་ཚན་ཁག་ལ་དོ་དོམ་བྱེད་པའི་ཀྲུང་དབྱང་ཁེ་ལས་བཅས་ལ“སླར་ཡང་མངགས་གཏོང”བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་ལ་གཞོགས་འདེགས་བྱས་ཏེ་ཏང་ཨུ་དང་ཏང་ཙུའུ་ཡིས་འོག་རིམ་གྱི“མགོ་ཁྲིད་གཙོ་བོར”ལྟ་སྐུལ་དང་གླེང་མོལ་བྱེད་པའི་བྱ་བའི་བྱེད་ཐབས་གཏན་འབེབས་བྱེད་པ་དང་། རྒྱལ་མཚམས་ལས་བརྒལ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་བཟོ་དགོས། ཏང་ནང་གི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་རྒྱུ་དང་། ཆེད་འགན་ལྟ་སྐུལ་གཙོ་བོར་བྱེད་པ། གཞི་རིམ་གྱི་ལྟ་སྐུལ་འདེགས་སྐྱོར་དུ་འཛིན་པ། ལྟ་སྐུལ་སྣ་ཚོགས་ཀྱི་འབྲེལ་མཐུད་མཐུན་སྦྱོར་འགན་ལེན་དུ་བྱེད་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།བདུན་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། གཞི་གདངས་ནན་མོ་རྒྱུན་འཁྱོངས་མཐའ་འཁྱོལ་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་དགོས། “འགན་འཁྲི་གཉིས”ལ་བརྟེན་ནས་སྤྱི་འཛིན་པ་དང་བྱེ་བྲག་ལ་སྐུལ་ཁྲིད་བྱས་ཏེ། ཏང་ཨུ་དང་ཏང་ཙུའུ་ཡི་འགན་འཁྲི་གཙོ་བོ་དང་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ལྟ་སྐུལ་འགན་འཁྲི་བཅས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་འདོན་པར་སྐུལ་འདེད་བཏང་ནས། རང་འགན་རང་ཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ལྟ་སྐུལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས།བརྒྱད་ནི“སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྲུན་ལོའི”འགུལ་སྐྱོད་སྤེལ་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་བསྐྲུན་པའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཆེན་པོ་གཏོང་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གུས་སྐྲག་གི་སྒོ་ནས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་སྒོས“གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་པ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བརྟན་པོར་བཅངས་ནས། ལས་དོན་དག་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས། ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགན་འཁྲི་དང་ལས་འགན་ལ་གུས་ཤིང་སྐྲག་པ་དང་། ཡང་དག་པའི་ཆབ་སྲིད་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་སྲོག་རྩ་བརྟན་སྲུང་བྱེད་པ་དང་། སྒྲིག་སྲོལ་སྒྲིག་ཁྲིམས་ནན་མོར་སྲུང་བ། སྲིད་ཇུས་དང་ཐབས་ཇུས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ངོ་བོ་གཏན་ཁེལ་དང་སྒྲིག་ཁྲིམས་ཚད་འཇལ། སྒྲིག་ཁྲིམས་ལག་བསྟར་བཅས་ཡང་དག་པར་བྱས་ཏེ། རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། ལས་བྱེད་པ་འདེམ་སྐྱོང་དང་དོ་དམ་བཀོལ་སྤྱོད་རྐྱེན་སྲོལ་ལེགས་སྒྱུར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དབང་ཆ་དང་མི་དམངས་ལ་གུས་བཀུར་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་འགན་འཁུར་གྱི་སྙིང་སྟོབས། ཁྲིམས་སྐྱོང་གི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དང་བདེན་རྫུན་གྱི་གནད་དོན་གལ་ཆེན་ཐད་ནས་གདོང་གཏུག་བྱེད་ཕོད་པར་བྱས་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པར་ཁག་ཐེག་བྱེད་དགོས། སྤྱོད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་ཁྲིམས་ལ་གུས་སྐྲག་དང་བཅའ་ཁྲིམས་ལ་གུས་སྐྲག་བྱེད་པ་དང་། དོ་དམ་ནན་མོ་དང་ཚོད་འཛིན་དྲག་པོ། ཆད་གཅོད་ནན་མོ་དང་འཇིགས་སྐུལ་དྲག་པོ། གཅེས་སེམས་ཟབ་མོ་བཅས་ལ་བརྟེན་ནས་མི་སེམས་ལ་སྐྱིད་སྣང་སྟེར་དགོས་ལ། རྒྱུན་ལྡན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ཀུན་ལ་གནོད་སྐྱེལ་མཁན་གཙང་སེལ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོར་བརྟེན་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་དང་འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་བསྐྲུན་དགོས།ཚང་འཛོམས་གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ཡར་བརྩོན་ལྷོད་མེད་བྱས་ནས། ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པ་ལ་བརྟེན་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།