(དྷི་ཚ) གངས་ཤར།
སྐྱ་མོ་དམར་མོ་ནི་ང་ཚོའི་སེམས་ནང་དུ་ཧ་ཅང་ཐག་རིང་ཞིག་དང་། ཡང་ན་ཐག་ཉེ་ཞིག་ཀྱང་ཡིན་ཆོག་ལ། མཚོ་ངོས་ནས་མཐོ་ཚད་སྨི་བཞི་སྟོང་ཡས་མས་སུ་འདུག་པའི་མཚོ་སྔོན་གྱི་མཐོ་སྒང་ཁོངས་སུ་གཏོགས། འདིའི་ས་བབ་ནི་ཤིན་ཏུ་རྩུབ་ས་ཡིན་པས་མི་མེད་དབེན་ས་རུ་གྱུར་བའི་ལོ་ཟླ་ཡང་མང་པོ་ཡོད་ལ། མིའི་འཚོ་གནས་ཀྱི་དཀའ་ཁག་ཤིན་ཏུ་ཆེ་བ་དང་། བདེ་མོ་ལམ་གྱིས་བསྐྱུར་ཞིང་ཡངས་མོ་ཐང་གིས་སྟོང་བའི་ས་ཁ་རིབ་ཁོངས་རིབ་ཅིག་ཡིན་ཞེས་ཀྱང་བཤད་ཆོག་མོད། དོན་ལ་ས་ཐག་རིང་སྐད་ཆ་རྣ། མགོ་ཞྭ་དཀར་གྲིབ་མ་མཐའ། ཟེར་བ་ལྟར་སྐྱ་མོ་དམར་མོ་ནི་རང་ག་བ་ཞིག་དང་མི་མཚུངས་སོ། །
དམངས་ཁྲོད་དུ་སྐྱ་མོ་དམར་མོ་ནི་ཧ་ཅང་སྙན་པའི་ལྷ་སྒྲུང་མང་ས། ཡང་ན་ལོ་རྒྱུས་རབ་རིབ་དང་ངག་སྒྲོས་ཐན་ཐུན་གྱིས་བཞེངས་པའི་འབྲོག་ས་སྣུམ་ཤིག་གེར་ཡོད་པའི་གནས་ཤིག་ཡིན་ལ། ཐག་ཉེ་རིང་གི་རྒན་གཞོན་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཤིང་སེམས་སུ་ཞོ་ལྟར་ཆགས་པའི་མཐོ་སྒང་ཞིག་ཀྱང་ཡིན། ལྷག་པར་གནའ་མིའི་ངག་རྒྱུན་ཁྱད་མཚར་བ་ཞིག་ཡོད་དེ། ས་སྐྱ་མོ་དམར་མོ་ཁ་ལམ་ན། ། སྐྱ་མྱིའི་ཉིན་ལམ་བཅོད་བརྒྱད་ཡོད། ། རྒོད་ཐང་དཀར་ཆད་ཀི་ཐང་དགུ་ཡོད། ། བྱ་ཁྭ་ཏ་ཆད་ཀི་ཐུར་དགུ་ཡོད། ། བྱ་སྐྱ་ཀ་ཆད་ཀི་ལ་དགུ་ཡོད། ། གླག་རེག་མོ་ཆད་ཀི་སིལ་དགུ་ཡོད། ། རྟ་ཆད་པ་འུག་ཚང་རྡོ་མ་རྒྱག ། མི་ཆད་པ་དཔའ་ཡག་ལ་མ་རྒོལ། ། མི་སྐོམ་པོས་ཆུ་སྐྱུར་ཆུ་མ་འཐུང་། ། ཞེས་འདི་འདྲའི་ངག་རྒྱུན་གྱི་གཏམ་སྙན་མོ་ཡོད། གཏམ་རྒྱུད་འདིས་སྐྱ་མོ་དམར་མོ་ནི་ལམ་མི་བཟང་ཞིང་ཧ་ཅང་ཐག་རིང་བ། སོང་ན་ཉེན་ཁ་ཡོད་པ་སོགས་བཤད་དེ་སྐྱ་མོ་དམར་མོ་འགྲོ་མཁན་མང་པོ་ཞིག་གི་གོམ་ཁ་ལྷོད་ཅིང་། སེམས་ཐག་ཆད་ནས་ཕྱིར་ལམ་བསྙེག་དགོས་ཐུག་ཟེར། གང་ལྟར་གཡུང་ལ་འཕབ་མ་ཐུབ་པའི་རི་དྭགས་གཅན་གཟན་ལས་མི་ཟོག་གཤར་སའི་མགྲོན་ལམ་བདེ་ལམ་ཞིག་ཀྱང་མེད་པའི་ས་འདིར་འགྲུལ་བཞུད་ཀྱི་གནས་བབ་ནི་སྐྱོ་བོ་ཡིན་སྟབས་འདིར་ཡུན་རིང་སྡོད་མཁན་མེད་ལ། འདི་ལ་གཞི་བཅའ་མཁན་ཡང་ཧ་ཅང་དཀོན་པོའི་ཚོད་ཡིན།
ལོ་རབས་བརྒྱད་ཅུའི་གཡས་གཡོན་ནས་གནས་འདིར་ཡང་བསྐྱར་འབྲོག་པའི་རུ་སྡེ་གསར་པ་ཞིག་ཆགས་པའི་མགོ་བརྩམས་པ་དང་། དེ་ནི(དམར་མོ་སྡེ་བ)སྐྱ་ར་གོང་མ་ཡིན་ཞིང་། མཐའ་སྲུང་རི་བརྒྱ་སྟོང་གི་རྩེ་མཐོ་ཞིང་། ནང་སྲུང་ལུང་བརྒྱ་སྟོང་གི་ཁོད་ཡངས་པའི་ཕ་ས་ཕ་ཡུལ་དུ་གྱུར།
སྐྱ་མོ་དམར་མོར་མཚོན་ན་ཡང་འབྲོག་པའི་འཚོ་བར་མཁོ་ཆེ་བའི་འགྲོ་ལམ་བདེ་མོ་ཞིག་ཡོད་དགོས་པ་ནི་གལ་ཤིན་ཏུ་ཆེ་མོད། སྐབས་དེ་དུས་སུ་སྐྱ་མོ་དམར་མོ་ལ་རླངས་འཁོར་ཆེ་ཆུང་བརྒྱུག་ཆོག་པའི་ལམ་ཞིག་ལས་རྒྱུ་ནི་ཤིན་ཏུ་ཁག་པོ་འདུག ལོ་རབས་བརྒྱད་ཅུའི་ནང་རྨ་འབྲོང་ས་ཆར་ཡང་རྒྱལ་ཁབ་རིམ་པའི་གཞུང་ལམ་ཐོན་ན་ཡང་། སྐྱ་མོ་དམར་མོར་རླངས་འཁོར་ཆེ་ཆུང་བཞུད་ཆོག་པའི་གཞུང་ལམ་ཞིག་སུས་ཀྱང་དྲན་པའི་ཡུལ་དུ་མེད་པར་ཆེས་ཉེན་ཁ་ཆེ་བའི་གནས་སུ་བདེ་འཇགས་ཀྱིས་འཚོས། ད་ལྟ་བསམས་ན་དེ་ནི་རྨི་ལམ་ཞིག་རེད་ལ་གནའ་སྒྲུང་ཞིག་ཀྱང་རེད།
ད་སྐབས་སྐྱ་མོ་དམར་མོ་ནི་སྔོན་ཆད་དང་བསྡུར་ན་མི་འདྲ་བའི་ཆ་ཤིན་ཏུ་མང་སྟེ། རླངས་འཁོར་ཆེ་ཆུང་བརྒྱུག་ཆོག་པའི་གཞུང་ལམ། ལེ་དབར་ཁྲི་ཕྲག་བརྒལ་ཐུབ་པའི་བརྡ་རྟགས་སོགས་ཧ་ཅང་མང་ལ། འདི་ནི་མཁོ་གལ་ཆེ་བ་ཞིག་ཀྱང་ཡིན་ཏེ། སྔོན་ཆད་རླངས་འཁོར་དོན་རྐྱེན་ལས་སྙིང་ཉེ་བའི་ཚེ་སྲོག་མང་པོ་ཞིག་ཡ་ང་བའི་རླུང་ནང་དུ་ཡལ་ཞིང་། ཆེས་མཛེས་པའི་ལང་ཚོ་གྲངས་མེད་ཅིག་ཟློག་དཀའ་བའི་བར་ཆད་ཀྱིས་ཁྱེར་མྱོང་། དེ་དག་ཀྱང་ལམ་གྱི་གནས་བབ་ཧ་ཅང་སྡུག་པོ་ཡིན་པ་འདི་ལ་ཐུག་ཡོད།
ལོ་ཟླ་མང་པོ་ཞིག་སོང་ཚར་རྗེས་སྐྱ་མིས་ཉིན་ལམ་བཅོ་བརྒྱད་ལ་གཅད་དགོས་པའི་སྐྱ་མོ་དམར་མོའི་ཁ་ལམ་རིང་མོ་དེ་མེད་པར་གྱུར་ཏེ། རྐང་ལམ་དེ་དག་ལ་ཞུགས་ནས་མི་ཟོག་མང་པོ་འཚོ་ཐབས་བྱས་པའི་ལོ་རྒྱུས་དེ་རློམ་ཡང་མི་སྲིད་པའི་གནས་སུ་སོང་། དུས་ཚོད་རེ་རེ་ལ་འཕེལ་འགྱུར་རེ་རེ་བྱུང་བའི་དུས་རབས་ནི་དེ་འདྲ་ཞིག་རེད། འདི་ནི་འགྱུར་བ་རེད་ལ། འཕེལ་རྒྱས་ཀྱང་རེད། དེ་བས་མི་ཚང་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དེ་སེམས་ཀྱི་དྲོད་དུ་འཛིན་དགོས།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།