ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

文摘   2025-01-07 11:58   青海  


ཟླ1ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི2024ལོའི་བྱ་བའི་སྙན་ཞུར་ཉན། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟླ1ཚེས9ཉིན་འཚོག་རྒྱུའི་ཐག་བཅད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས། ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་སྐོར་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་། སྐུལ་ལྕག་བཅས་ཀྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་པའི་ཐད་བླང་བྱ་གསལ་པོ་བཏོན་ནས། ང་ཚོས་ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ།  རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། དོ་དམ་ནན་མོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་བྱེད་པ། སྐུལ་ལྕག་དང་ཚོད་འཛིན་གཉིས་ཀ་དམ་འཛིན་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་ལེགས་པར་བསྐྱེད་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ལས་དོན་སྒྲུབ་པའི་ངར་ཤུགས་ཆེ་རུ་གཏོང་བ་དང་། “སྔོན་ཚུད་ནས་བྱ་བ་སྒྲུབ་པ”དང་།“རང་འགུལ་ངང་བྱ་བ་ཡག་པོར་སྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་ད་ལོའི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ངོས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་སྦྱོང་བརྡར། རང་འགན་གཙང་སྒྲུབ་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་མིག་དཔེ་སྟོན་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང2025ལོའི་ལོ་གསར་ཤིས་ཚིག་ལས་འདས་ཟིན་པའི་ལོ་གཅིག་གི་རིང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་དང་། ལོ་གསར་པའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་མཛད་པར་མ་ཟད། ང་ཚོར་སྐུལ་ལྕག་ཆེན་པོ་བཏང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བརྟན་བརླིང་ལ་སྲུང་སྐྱོབ་དང་། འཕེལ་རྒྱས་དོན་གཉེར། བཅོས་སྒྱུར་ལ་སྐུལ་འདེད་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་བརྗིད་ཆེའི་དཔེ་རིས་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་བར་འབད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་སྙིང་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ།  བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། རང་ཞིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་སྔོན་གྲལ་དུ་སྐྱོད་པ་དང་མིག་དཔེ་སྟོན་པར་སྐུལ་འདེད་གཏོང་དགོས། “སྩོལ་བ་གསུམ་དང་ཕན་པ་གཅིག”རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་བཀོད་སྒྲིག་ལྟར།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཟུགས་ལྡན་དང་ཚོར་ལྡན། ནུས་ལྡན་བཅས་ཡོང་བར་འབད་བརྩོན་བྱས་ཏེ། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གིས་མཐོ་རིམ་སློབ་གྲྭའི་བྱ་བར་མགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་མཐའ་འཁྱོལ་བྱེད་པ། མཐོ་རིམ་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་མཐོ་རིམ་སློབ་གྲྭར་ཇི་མ་ཇི་བཞིན་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས། བསམ་བློའི་ཆབ་སྲིད་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་འདི་དམ་འཛིན་དང་། བསམ་བློའི་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྲུན་བྱེད་རྒྱུ་དེ་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་དུས་མཉམ་དུ་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས། མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་བྱ་བའི་ཕན་ནུས་མུ་མཐུད་དུ་ཆེ་རུ་གཏོང་བ། “བསམ་བློའི་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”མི་སྣ་གསོ་སྐྱོང་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བཅས་བྱས་ཏེ། སློབ་མས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མཐོ་རིམ་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སློབ་གཉེར་དང་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཡོངས་ཀྱི་ཁྲོད་བཞག་ནས། སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་འབྲེལ་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། “ མོས་མཐུན་ལྔ”ཇེ་ཟབ་ཏུ་བཏང་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

གྲོས་ཚོགས་ལས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ། བདུན་པ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་རང་འགན་གཙང་སྒྲུབ་ཏན་ཏིག་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། ཏང་ཙུའུ་དག་གིས་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་རྒྱུ་དེ་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་སོ་སོར་ཁྱབ་པར་བྱས་ཏེ། ཁ་ཕྱོགས་ཁོང་དུ་ཆུད་པ་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་པ་དང་དངོས་སྒྲུབ་པ་ཡག་པོ་བྱེད་དགོས། ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། རང་སོ་སོའི་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་བསྐྲུན་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚན་རྩལ་གསར་སྐྲུན་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བས། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་མཉམ་ལས་ཀྱི་གཙོ་གནད་གཉིས་དམ་འཛིན་ལེགས་པོ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་། ཤར་ནུབ་རྒྱུད་རོགས་ལས་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྣེ་ཁྲིད་དང་། གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་ཀྱི་ཕྲེང་འབྲེལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ལས་ཚུལ་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁྲོད་ཀྱི་ཚན་རྩལ་གསར་སྐྲུན་གྱི་འགག་རྩའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས།

རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

     རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章