སྤྱི་ལ་ཕན་པར་གྱུར་ན་བཟང་མོད་ཀྱང་། །
རང་གིས་མི་ནུས་འཇོན་ཐང་མེད་བསམ་ན། །
ཉམ་ཆུང་དིང་རི་དབུལ་བོའི་སེམས་བཟང་ལ། །
སྡུག་པའི་དུས་སུ་འབྲས་བུ་སྨིན་པ་ལྟོས། །
རྒྱ་ནག་གི་ན་གཞོན་འདིའི་མིང་ལ་ཧོས་ཟེར། ཁོང་གིས་བོད་ལ་ས་ཡོམ་གྱི་འཇིག་པ་བྱུང་སའི་ཁུལ་དུ་སྒོར་ས་ཡ་གསུམ་ཞལ་འདེབས་གནང་འདུག མི་ཚོས་ཁོང་ལ་ན་གཞོན་དེ་འདྲ་ཞིག་གིས་དངུལ་འབོར་ཆེན་པོ་དེ་འདྲ་ཞིག་ཞལ་འདེབས་གནང་དགོས་དོན་ག་རེ་ཡིན་མིན་དྲིས་པར། ཁོང་གིས་ལོ་ཁ་ཤས་གོང་དུ་ཁོང་དང་ཁོང་གི་གྲོགས་པོ་གཉིས་དགུན་ཁ་རྐང་འཁོར་བཞོན་ནས་བོད་ལ་བསྐྱོད་སྐབས། གཞིས་རྩེ་དང་དིང་རི་བར་གྱི་ལམ་བར་དུ་རྐང་འཁོར་གཉིས་ཀ་ལ་སྐྱོན་བྱུང་ནས། མཚན་མོ་གྲང་ངར་ཆེན་པོའི་ནང་དུ་རི་རྩེར་ལུས། གནམ་གཤིས་གྲངས་ངར་ཧ་ཅང་ཆེ་བའི་སྐབས་སུ་གཞིས་རྩེ་ནས་ཡིན་པའི་བོད་པ་སེམས་བཟང་ཞིག་གིས་ཁོ་གཉིས་རླངས་འཁོར་ནང་དུ་བཞག་ནས་ཁྱིམ་དུ་ཁྲིད་པ་དང་། གནས་ཚང་གཡར་ཞིང་ཟ་མ་སྤྲད་པ་རེད། གལ་ཏེ་སེམས་བཟང་ཅན་གྱི་མི་དེས་རོགས་པ་མ་བྱུང་ན། ཁོ་གཉིས་གྲང་ངར་གྱིས་ཤི་སོང་ཡོད་ངེས་ཞེས་ཟེར།
སེམས་བཟང་ཅན་གྱི་མི་དེའི་ཁྱིམ་ནི་ཧ་ཅང་དབུལ་ཕོངས་ཡིན་པ་དང་། སློབ་གྲྭ་ལ་འགྲོ་མ་ཐུབ་པར་བཞག་ནས་སྐྲ་བཟོ་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་བཞིན་པར་འདུག དེ་ནས་ལོ་ཁ་ཤས་ལ་ཧོས་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་རྒྱ་ནག་དང་ཡོ་རོབ་ཡུལ་གྲུ་ཁག་ཏུ་རྐང་འཁོར་བཞོན་ནས་བསྐྱོད་པ་དང་། རྒྱ་ནག་ནང་དུ་དྲ་རྒྱའི་སྟེང་སྐད་གྲགས་ཆེན་པོ་ཆགས། དེ་ནས་ཁོང་གིས་དྲ་རྒྱའི་ཐོག་ནས་ཚོང་ལས་(ཡོ་རོབ་ཀྱི་ཅ་དངོས་རྒྱ་ནག་ལ་མཁོ་སྤྲོད་བྱེད་པ)བྱས་པ་དང་། ད་ལྟ་ཁོང་ལ་རྗེས་འབྲང་བ་ས་ཡ་ཉི་ཤུ་རྩ་ལྔ་ཡོད་ཅེས་བཤད་དོ།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།