གྱེར་ཀློག༽དིང་རི་བ་ལ་ཕུལ་བའི་སྙིང་གཏམ་གསེར་རིལ་མ། —དྷཱིཿ ཀུན་ཁྱབ

文化   2025-01-11 08:27   四川  
དིང་རི་བ་ལ་ཕུལ་བའི་སྙིང་གཏམ་གསེར་རིལ་མ།






༄༅། །དིང་རི་བ་ལ་ཕུལ་བའི་སྙིང་གཏམ་གསེར་རིལ་མ།



རྩོམ་པ་པོ། དྷཱིཿཀུན་ཁྱབ།

འདི་ནི་ཉི་མ་ནུབ་ཀྱི་ཕྱོགས་ཤིག་ན། །
ཇོ་མོ་གླང་མ་རྔམ་ཞིང་འགྱིངས་པའི་སར། ། 
དམ་པ་སངས་རྒྱས་བྱིན་རླབས་འཕོས་པའི་མི། །
དིང་རི་བ་རྣམས་ཡུད་ཙམ་བདག་ལ་གསོན། །

དམངས་ཀྱི་ཁེ་ཕན་གཙོ་བོའི་སར་འཇོག་པའི། །
རླབས་ཆེན་གཙོ་འཛིན་གཙོས་པའི་དབུ་ཁྲིད་ཀྱིས། །
ཐུགས་ཁུར་ལས་བྱུང་ཚད་མེད་རོགས་རམ་ཡང་། །
ཡིད་ལ་བརྟན་པོར་མཛོད་ཅིག་དིང་རི་བ། །

བྱམས་བརྩེའི་བདག་ཉིད་རིས་མེད་དགེ་འདུན་སྡེས། །
ཤི་ལ་བསྔོ་སྨོན་གསོན་ལ་ཞལ་འདེབས་སོགས། །
གང་ལ་གང་མཁོ་དེ་ལ་དེ་སྟོན་པས། །
དགའ་མགུ་ཡི་རང་གྱིས་ཤིག་དིང་རི་བ། །

ཕྱི་མའི་ཤུལ་རིང་འགྲིམས་པའི་འདས་པོ་ཡང་། ། 
དད་ལྡན་ཁྲི་མ་འབུམ་གྱིས་བསྔོ་སྨོན་དང་། །
ཕྱོགས་མེད་དམ་པ་མང་པོའི་ཐུགས་བསྐྱེད་མཐུས། ། 
ཐར་པའི་ལམ་སྟོན་བྱུང་ཡོད་དིང་རི་བ། ། 

འཁྲབ་སྟོན་རེད་ཅེས་དམའ་འབེབས་བྱེད་ཀྱང་སྲིད། །
དཀའ་བས་བསགས་པའི་རྒྱུ་ནོར་ཕོན་ཆེན་ཞིག །
ཡུལ་དངོས་ཕེབས་ནས་དངོས་སུ་སྟེར་ནུས་པའི། །
དྲྭ་དཔོན་ཚོང་དཔོན་མ་བརྗེད་དིང་རི་བ། །

མདོར་ན་རྔུལ་ཆུས་བསྐྲུན་པའི་གཅེས་པའི་ནོར། །
ཁབ་དང་སྐུད་པ་ཙམ་གྱིས་འབྲེལ་ཐོགས་པའི། །
རིས་སུ་མ་ཆད་སྐྱེ་བོ་སུ་ཡིན་རུང་། །
སྐུ་དྲིན་སེམས་ནས་མ་བརྗེད་དིང་རི་བ། །

ཡི་རང་དགེ་བའི་བསོད་སྐལ་རབ་ཆད་ཅིང་། །
སྟབས་ཐུག་ཕོར་གང་ཙམ་ཡང་མི་སྦྱིན་པར། །
ཁོ་ཚོར་འཁྲབ་སྟོན་རེད་ཅེས་སྨྲ་དགའ་བའི། །
སྨྱོན་པའི་ཁ་ལ་མ་ཉོན་དིང་རི་བ། །

སྔོན་བྱས་ལས་དབང་བཙན་པོའི་སྟོབས་ཤུགས་དང་། །
མི་འདོད་རྐྱེན་ངན་ཐོག་ཏུ་བབས་པའི་འབྲས། །
བཟོད་པར་དཀའ་བ་སྡུག་གིས་མནར་བའི་ཚེ། །
རྐྱེན་ངན་གྲོགས་སུ་སྒྱུར་ཅིག་དིང་རི་བ། །

ཚེ་འདིར་ལས་ངན་ཅི་ཡང་མ་བསགས་ཆོག །
ཚེ་སྔོན་སྐྱེ་བར་བསགས་པའི་ལས་དབང་དེར། །
རྒྱུ་ཚོགས་ཚང་ན་རྣམ་སྨིན་འབྱིན་ངེས་པས། །
ལས་འབྲས་མེད་པར་མ་བསམ་དིང་རི་བ། །

སྟོན་པ་མཆོག་དེས་ཐར་པའི་ལམ་སྟོན་ལས། །
སྡུག་བསྔལ་ཕྱག་གིས་སེལ་བ་མེད་གསུངས་ན། །
རང་བྱས་སྨིན་དུས་དཀོན་མཆོག་གར་སོང་ཞེས། །
སྨྱོ་ལབ་ཡིད་རྟོན་མ་བྱེད་དིང་རི་བ། །

འཇིག་རྟེན་ཡ་རབས་སྦྱིན་གཏོང་རྡུལ་ཙམ་མེད། །
དམ་པ་ཆོས་ཀྱི་བསྔོ་སྨོན་ཕྱོགས་ཙམ་མེད། །
ཅི་ཡང་མི་འཇོན་ལྟ་བ་ལོག་པའི་མིས། །
དད་མོས་བརླག་པར་ཟོན་གྱིས་དིང་རི་བ། །

སྤུན་ཟླ་བརྩེ་བའི་ལག་ཟུང་དད་པས་བཟུང་། །
མཐུན་སྒྲིལ་བརྩེ་བའི་ཨ་ལོང་དད་པས་སྦྲེལ། །
གཞན་ཕན་སྦྱིན་གཏོང་དད་པའི་ཤུགས་ཀྱིས་བསྐུལ། །
དད་མོས་གཅེས་པར་འཛིན་ཅིག་དིང་རི་བ། །

སྡུག་བསྔལ་ནང་ནས་བདེ་བའི་དྲོད་འཁོལ་འབར། །
ཉམ་ཐག་རུམ་ནས་བག་ཕེབས་འཚོ་བ་རྙེད། །
རེ་ཆད་ཀློང་ནས་རེ་བའི་བློ་གཏད་འཕེལ། །
ནང་ཆོས་རིན་ཐང་མ་བརྗེད་དིང་རི་བ། །

བྱིན་པའི་ནོར་རྫས་གཅེས་གཉེར་ལེགས་པོ་དང་། །
ཆོག་ཤེས་འཚོ་བས་འགྲོ་གྲོན་རན་པོའི་ངང་། །
མ་འོངས་སྡོད་ཁང་སྲ་ཞིང་བརྟན་པ་ཞིག །
བསྐྲུན་པའི་སྟ་གོན་གྱིས་ཤིག་དིང་རི་བ། །

ཁྱེད་ཅག་དྲན་གྱིན་སྙིང་གཏམ་མང་པོ་ཞིག །
གཅིག་རྗེས་གཉིས་མཐུད་ལྕེ་རྩེར་ཐོན་ཡོང་མོད། །
དོན་སྟོང་སྨིག་རྒྱུ་འདྲ་བས་མི་ཕན་པས། །
རེ་ཞིག་ཞུ་མཚམས་འཇོག་གོ་དིང་རི་བ། །


2025-1-9

གྱེར་ཀློག་མཁན། ལྷ་འཛོམས།








广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章