རང་རྒྱལ་དུ་ཆམ་རིམས་འབྱུང་མང་བའི་དུས་སུ་སླེབས་པ་མ་ཟད། 99%ཡན་ནི་ཆམ་རིམས་ཀ་པ་ཡིན་པ་རེད། ཟླ་དང་པོའི་ཚེས་9ཉིན། ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་དོས་དྲག་རང་བཞིན་གྱི་དབུགས་ལམ་འགོས་ནད་སྤྱིའི་ཆ་ནས་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཆམ་རིམས་སྔར་བཞིན་དུས་ཚིགས་རང་བཞིན་གྱི་མཆེད་དུས་སུ་གནས་ཡོད་ཅིང་། ཆམ་རིམས་ཀྱི་ནད་དུག་གདགས་གཤིས་ཡིན་པའི་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད། སྔོན་དཔག་བྱས་ན་ཟླ་དང་པོའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ཆམ་རིམས་འགོས་མཆེད་ཀྱི་ཆུ་ཚད་རིམ་གྱིས་ཇེ་དམའ་རུ་འགྲོ་སྲིད།
བྱིས་པར་ཆམ་རིམས་ཀ་པ་འགོས་རྗེས། གནས་ཚུལ་གང་འདྲ་ཞིག་གི་འོག་སྨན་བཅོས་བྱ་དགོས་པ་དང་། གནས་ཚུལ་གང་འདྲ་ཞིག་གི་འོག་ཁྱིམ་དུ་སྨན་སྤྱད་ནས་ལྟ་ཞིབ་བྱ་ཆོག་ཅེ་ན།
①ལྗིད་ཚད་སྤྱི་རྒྱ་20མ་ཟིན་པའི་བྱིས་པ་དང་ཕྲུ་གུ་དམར་འབྱར་ལ་ནད་རྟགས་ལྕི་བའི་ཆམ་རིམས་ཀ་པ་འབྱུང་སླ་བ་མ་ཟད། སྨན་བསྟེན་པར་སྨན་པས་བརྡར་ཤ་གཅོད་དགོས་ཕྱིར་ནད་རྟགས་ཐོན་ཚེ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།
②གལ་ཏེ་བྱིས་པར་གཤམ་གསལ་གྱི་གནས་ཚུལ་བྱུང་ན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཏེ། ཚ་བ་རྒྱས་ནས་40℃ལས་བརྒལ་བའམ་ཡང་ན་དུས་ཡུན་རིང་པོར་ཚ་བ་སེལ་མ་ཐུབ་པ། ཚ་བ་འཇགས་རྗེས་ད་དུང་སེམས་ཁམས་དྭངས་པོ་མེད་པ། རྒྱུན་མཐུད་དུ་ཚ་བ་རྒྱས་པ། ཟས་ཀྱི་ཡི་ག་འཆུས་པ། མངོན་གསལ་གྱིས་བཤལ་བའམ་ཡང་ན་དབུགས་ལམ་གཞན་པའི་ཕྱི་ཡི་ནད་རྟགས་བཅས་ཡོད་དུས་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།
③གལ་ཏེ་བྱིས་པར་རྨང་གཞིའི་ནད་རིགས་ཡོད་པ་སྟེ། དཔེར་ན་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་དང་དབུགས་ལམ་ཡ་མ་གཟུགས་སོགས་ཡོད་པའམ། ཡང་ན་ཉེ་བའི་ཟླ་བ་གཅིག་གི་ནང་དུ་དུག་སྲིན་འགོག་སྨན་བཀོལ་མྱོང་ཡོད་ན། སྨན་ཁང་དུ་སྨན་བཅོས་བྱེད་དགོས། ཁྱིམ་བདག་གིས་གལ་ཏེ་ཁྱིམ་དུ་ཕྲུ་གུ་ལ་སྨན་སྟེར་ན། སྨན་མ་བསྟེན་གོང་དུ་ཆག་རིམས་ཀ་པ་ཡིན་པ་གསལ་པོར་ཤེས་དགོས། ད་ལྟ་ཁྱིམ་ཚང་གི་ཞིབ་བཤེར་དང་སྨན་ཁང་གི་མགྱོགས་མྱུར་ཞིབ་བཤེར་ཚུད་པའི་ཞིབ་བཤེར་བྱེད་ཐབས་མང་པོ་ཡོད་པ་དང་། ཞིབ་བཤེར་དེ་དག་མགྱོགས་ལ་ཡང་དག་ཡིན་པས། ནད་གཞི་གང་ཡིན་གསལ་རྟོགས་ཐུབ་རྗེས་སྔ་ཙམ་ནས་སྨན་བསྟེན་དགོས། གལ་ཏེ་ཕྲུ་གུ་ལ་ཆམ་རིམས་ཀ་པའི་ནད་རྟགས་ཅུང་ཡང་བ་དང་ལོ་2ཟིན་པའི་ཁར། ཚ་བ་རྒྱུན་མཐུད་དུ་མཐོ་བ་མེད་པ་དང་། ཚ་བ་འཇགས་རྗེས་ཕྲུ་གུ་ཡི་སེམས་ཁམས་ཀྱང་དྭངས་པོ་ཡོད་ན། སྔོན་ལ་རང་ཁྱིམ་དུ་སྨན་བསྟེན་ནས་ལྟ་ཞིབ་བྱ་ཆོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།