༄༅།། རབ་གནས་བསྡུས་པ་བཞུགས།
༄༅།།བསྭོ་ཨ་མུ་ཁྱུང་པྲ་ཕུད་བིང་ང་ཉི་རི་བྷ་ར་ཏྲང་འདུ། །མ་སྐྱེ་མི་སྐྱེ་དབྱིངས་ནས་བོན་གྱི་སྐུ། མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན། སྐྱེ་འགག་མེད་པའི་སྐུ་རུ་བྱིན་གྱིས་རློབས། །ན་མོ་བོན་གྱི་སྐུ་ལ་བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གསུང་རབ་འཁོར་ལོ་འདི་རྣམས་ལ། འགྱུར་བ་མེད་པ་སྐུ་ཡི་ཕྱག་རྒྱ་དང་སྙིང་པོ་དང་ཚིག་བཤད་ཀྱིས་མངའ་གསོལ་བ་ནི། འགྱུར་བ་མེད་པ་སྐུའི་མངའ་དང་ལྡན་ཏེ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ལ། བཀའ་ཞལ་དྲོ་བར་གྱུར་ཅིག གསུང་བྱིན་ཆེ་བར་གྱུར་ཅིག བཀྲ་ཤིས་པ་དང་ལྡན་པ་ཁོ་ནར་གྱུར་ཅིག
བསྭོ་ༀཱ་མུ་ནེ་གླང་ཆེན་བིང་ང་ཉི་རི་བྷ་ར་ཏྲང་འདུ། །མ་བསྒྲགས་མི་བསྒྲག་ཡེ་ནས་བོན་གྱི་གསུང་། སྨྲ་བསམ་ཚིག་ལས་འདས་ཏེ་བརྗོད་དུ་མེད། རང་བཞིན་མེད་པའི་གསུང་དུ་བྱིན་གྱིས་རློབས། །ན་མོ་བོན་གྱི་སྐུ་ལ་བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གསུང་རབ་འཁོར་ལོ་འདི་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགག་པ་མེད་པའི་གསུང་གི་ཕྱག་རྒྱའི་མངའ་དང་ལྡན་ཏེ། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ། བཀའ་ཞལ་དྲོ་བར་གྱུར་ཅིག གསུང་བྱིན་ཆེ་བར་གྱུར་ཅིག བཀྲ་ཤིས་པ་དང་ལྡན་པ་ཁོ་ནར་གྱུར་ཅིག །
བསྭོ་ཧཱུྃ་མུ་ཡེ་ཤེ་ཐུན་བིང་ང་ཉི་རི་བྷ་ར་ཏྲང་འདུ། །མ་མཉམ་མི་མཉམ་ཡེ་ནས་བོན་གྱི་ཐུགས། འཁྲུལ་པ་མེད་པ་ཤེས་རབ་ཆེན་པོའི་ཐུགས། ཡེ་ཤེས་ཆེན་པོའི་ཐུགས་སུ་བྱིན་གྱིས་རློབས། །ན་མོ་བོན་གྱི་སྐུ་ལ་བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གསུང་རབ་འཁོར་ལོ་འདི་རྣམས་ལ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་འཁྲུལ་པ་མེད་པ་ཐུགས་ཀྱི་མངའ་དང་ལྡན་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ལ། བཀའ་ཞལ་དྲོ་བར་གྱུར་ཅིག གསུང་བྱིན་ཆེ་བར་གྱུར་ཅིག བཀྲ་ཤིས་པ་ལྡན་པ་ཁོ་ནར་གྱུར་ཅིག །མཉམ་པ་ཉིད། ལོངས་སྤྱོད་རྒྱན། རྫུ་འཕྲུལ་ཁྲོ་གཉེར། དབང་བསྒྱུར་འཁོར་ལོ། ཁམས་གསུམ་དབང་སྡུས། བསྐྱེད་པ་སྐུ་བསྟོད་བཅས་ཀྱི་ཕྱག་རྒྱ་དང་སྙིང་པོ། ཡི་དམ་ཕྱི་ནང་གསང་གསུམ་གྱི་སྙིང་པོ་དང་། བཀྲ་ཤིས་ནི། གསལ་ཟེར་འོད་དཔག་སོགས་གང་ལྕོགས་བརྗོད་པར་བྱའོ། གུ་རུ་རྣོ་རྩེས་མཛད་པའི་རབ་གནས་བསྡུས་པ་རྫོགས་སོ། །
རྟེན་འབྲེལ་སྙིང་པོ།ༀཱ་ཡེ་རྷརྨ་ཧེ་དུན་ཏེ་ཥན་ཊ་མ་སརྦ་རྷརྨ་གུ་རུ་སརྦ་སམྱག་ཏདཡ་ཐ་སརྦ་སྭཱཧྭཱ།༧ཧོ་ན་མོ་དུས་གསུམ་བདེར་གཤེགས། ཡི་དམ་དཀྱིལ་འཁོར་ལྷ་ཚོགས། རྩ་བ་རྒྱུད་པའི་བླ་མ་དམ་པ། གནས་གསུམ་མ་སྲིང་མཁའ་འགྲོ། ཕྱི་ནང་དམ་ཅན་སྲུང་མ། དངོས་གྲུབ་ནོར་ལྷའི་སྡེ་ཚོགས། དཔལ་མགོན་མགུར་ལྷ་བརྟན་མ། གནས་བདག་གཏེར་བདག་སྡེ་ཚོགས། གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་ལ། རྣལ་འབྱོར་དམ་ལ་གནས་པའི་སྡེ་ཚོགས་རྣམས་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་དམ་ལྡན་དཔོན་སློབ་རྣམས་ཀྱིས། ཚད་མེད་བཞིའི་སེམས་བསྐྱེད་པའི། དར་ལྕོག་འདི་འཛུགས་པའི་བྱིན་རླབས་ཀྱིས། ཀླུང་རྟ་འདི་འཛུགས་པའི་བྱིན་རླབས་ཀྱིས། གསུང་རབ་རྡོ་འབུམ་ས་ཚྭ་འདི་བཞེངས་པའི་བྱིན་རླབས་ཀྱིས། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཐུགས་དགོངས་གོང་ནས་གོང་དུ་འཕེལ་ཞིང་། མཛད་པའི་ཕྲིན་ལས་ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བར་མཛད་དུ་གསོལ། གཡུང་དྲུང་བོན་གྱིས་བསྟན་པ་རིན་པོ་ཆེ་དུས་གསུམ་ནུབ་པ་མེད་པར་རྟག་ཏུ་གནས་པར་གྱུར་ཅིག མི་མཐུན་པའི་བར་ཆད་ཚོགས་རྣམས་བཟློག་ཏུ་གསོལ། མཐུན་པའི་དགེ་ཚོགས་རབ་ཏུ་འཕེལ་བར་མཛད་དུ་གསོལ། བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པར་གྱུར་ཅིག མཐར་ཐུག་བླ་མེད་མཆོག་གིས་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག དྲུང་མུ་སད་གྱེར་སྨར་ལ་སྤུངས་སོ་མ་ཧ་ཡེ། རྫོགས་སོ། །རབ་གནས་འདི་མཁན་ཉི་མིང་པས་བྲིས་སོ། །
ༀཱ་གསལ་ཟེར་འོད་དཔག་མུ་ལམ་ཁྱབ་རྒྱར་མཁར་སྨིན་ཡོངས་འདུ་ཡོངས་ཁྱབ་མུ་རྒྱས་འདལ་ཁྱབ་གསལ། ལན་བཞི་བརྗོད།
དཀར་ནག་བཀྲ་གསལ་སྐུ་གཟུགས་དང་། མཐའ་ཡི་ལྕགས་རིར་སྐུ་གདུང་དང་། བཀའ་རྒྱུད་འབུམ་སྡེ་གསུང་རབ་དང་། ཀློང་རྒྱས་དཀྱིལ་འཁོར་ཐིག་བཅས་རྣམས། འདི་ནས་དུས་མཐའ་ཡན་ཆད་དུ། ཉི་མའི་ཟེར་བཞིན་ཡོངས་ཁྱབ་ནས། སེམས་ཅན་རྣམས་ཀྱི་དོན་ཆེད་དུ། བཀྲ་ཤིས་ཡོངས་སུ་བརྟན་གྱུར་ཅིག །སྒོ་བཞི་མཛོད་དང་ལྔ་ཡི་བོན། ས་ཡི་རྡུལ་བཞིན་རྒྱས་འཕེལ་ནས། རིན་ཆེན་སྣ་ལྔའི་གཏེར་བཞིན་དུ། སེམས་ཅན་དོན་དུ་རྒྱས་པར་ཤོག །
༧ཨེ་མ་ཧོ། ལེགས་པ་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ། ཐར་པའི་ལམ་སྟོན་འགྲོ་བ་ཡོངས་ཀྱི་མགོན། བསླབ་གསམ་རྣམ་དག་བསྟན་པའི་སྲོག་ཤིང་འཛིན། བརྒྱུད་པའི་མཁན་སློབ་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག
རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར་འཛིན་ཅིང་། མཛད་པ་དུ་མས་གདུལ་བྱའི་ཁ་ལོ་བསྒྱུར། བསྟན་པའི་མངའ་བདག་མཚུངས་མེད་གཙུག་གི་བརྒྱན། ཁྲི་གཙུག་རྒྱལ་བའི་བཀྲ་ཤིས་གང་ལེགས་པ། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག །བསྐལ་བཟང་དབུས་ནས་དང་། ཞི་གྱུར་བརྗོད།
ན་མོ་རྒྱུ་དགེ་བའི་རྩ་བ་འདི། ཡུལ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག ས་ཕྱོགས་སུ་བྱིན་ཆེ་བར་གྱུར་ཅིག ཕོ་རྣམས་ཚེ་རིང་བར་གྱུར་ཅིག མོ་རྣམས་དཔལ་ཆེ་བར་གྱུར་ཅིག ལོ་ཕྱུག་རྟག་ཏུ་ལེགས་པར་གྱུར་ཅིག ཆར་ཆུ་དུས་སུ་འབེབས་པར་གྱུར་ཅིག ལོ་འབྲས་རྟགས་ཏུ་སྨིན་པར་གྱུར་ཅིག དུས་ཀྱི་འཁྲུགས་པ་ཞི་བར་གྱུར་ཅིག མཚོན་གྱི་་བསྐལ་པ་བརླགས་པར་གྱུར་ཅིག མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སྨོན་ལམ་འདི་བཏབ། སྨོན་ལམ་འདི་བཏབ། ཡིག་བརྒྱ། སྒོ་གསུམ་དག་པ་བརྗོད་དོ། །མུ་ཙུག་སྨར་རོ། །