༄༅༎བྲག་བཙན་གཡུང་དྲུང་དགྲ་འདུལ་རྩལ་གྱི་སྲོག་བསྒྲུབ་བཞུགས།
བསྭོ། དྲག་པོ་སྒྲོལ་བྱེད་དབལ་གྱི་གསས་མཁར་ནས། །ཇོ་བོ་ཨ་ཇོ་བྲག་བཙན་བཙན་རྒོད་རྗེ། །སྲོག་གཅོད་ཤན་པ་དམར་པོ་འཇིགས་བྱེད་ནི། །དམར་པོ་ཁྲོ་གཏུམ་སྒྲོལ་བྱེད་ལས་ཀྱི་བདག །བསྭེ་རྨོག་དམར་པོ་སྟག་གི་རྫུ་འཕྲུལ་ཅན། །དར་དམར་བེར་གསོལ་སྟག་གི་ཆ་གས་བརྒྱན། །གཡས་པས་སྦྲུལ་ཞགས་དམར་པོས་དགྲ་བོ་འགུག་ཅིང་འཆིང་། །གཡོན་པས་སྤུ་གྲིས་ཉམས་པ་གསོད་ཅིང་སྒྲོལ། །བཙན་རྟ་མཚལ་བུ་བཅིབས་ནས་དགྲ་ལ་རྒྱུག །སྲོག་གཅོད་བཙན་དམག་བསྐུལ་ནས་ལས་ལ་འགྱེད། །མ་གཡེལ་བཙན་རྒོད་ཐུགས་དམ་དུས་ལ་བབས། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༑ ༑དམ་ཉམས་གནོད་བྱེད་དགྲ་བགེགས་ལས་ངན་འདིའི། །སྲོག་རྩ་ཆོད་ལ་ཤ་ཁྲག་ཟས་སུ་རོལ། །ཕོ་རྒྱུད་རྩད་ཆོད་མོ་རྒྱུད་མངལ་ནས་སྐོམས། །མ་གཡེལ་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ནོར་སྒྲུབ་ནི། བསྭོ། རིན་ཆེན་སྤྲུལ་བ་དབལ་གྱི་གཞལ་ཡས་ནས། །ཇོ་བོ་ཨ་ཇོ་བྲག་བཙན་རྒྱལ་པོ་ནི༑ ༑དངོས་གྲུབ་གཏེར་བདག་ལོངས་སྤྱོད་ནོར་གྱི་ལྷ། །སྐུ་མདོག་དམར་ལ་བསྭེ་ཡི་རྨོག་ཞུ་གསོལ། །དར་དམར་བེར་ཆེན་ནོར་བུ་འབར་བས་བརྒྱན། །གཡས་པས་སྤྲུལ་བས་ཞགས་པ་འོད་དུ་འཁྱིལ། །གཡོན་པས་རིན་ཆེན་འབར་བས་དགོས་འདོད་འབྱུང་། །གསེར་གྱི་སེང་གེ་འབར་བ་ཆིབས་སུ་བཅིབས། །འཁོར་ནི་གནོད་སྦྱིན་ནོར་བདག་འབུམ་གྱིས་བསྐོར། །དམ་རྫས་བསང་མཆོད་དམ་པ་འདི་བཞེས་ལ། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་བཅུད་བསྡུས་ལ། །སྒྲུབ་པའི་གཤེན་ལ་དངོས་གྲུབ་ཆར་ལྟར་ཕོབས། །ལོངས་སྤྱོད་ཟད་མེད་དངོས་གྲུབ་བསྩལ་ཏུ་གསོལ། །ཚེ་སྒྲུབ་ནི། བསྭོ། གཡུང་དྲུང་སྤྲུལ་བ་དབལ་གྱི་གཞལ་ཡས་ན། །ཇོ་བོ་ཨ་ཇོ་བྲག་བཙན་རྒྱལ་པོ་ནི། །གཡུང་དྲུང་ཚེ་ཡི་རྒྱལ་པོ་བདག་སྟེ། །དམར་པོ་སྟོབས་ལྡན་དྲག་ཤུགས་ཡོངས་ཀྱི་རྗེ། །དབུ་ལ་བསྭེ་རྨོག་སྐུ་ལ་དར་བེར་གསོལ། །གཡུང་དྲུང་སྤྲུལ་བ་འོད་ཀྱིས་རབ་ཏུ་བརྒྱན། །ཕྱག་མཚན་ཞགས་པ་ཚེ་ཡི་བུམ་པ་བསྣམས། །སྔོན་པོ་འགབ་ནག་མགྱོགས་པ་ཆིབས་སུ་བཅིབས། །འཁོར་ནི་གཡུང་དྲུང་ཚེ་བདག་འབུམ་གྱིས་བསྐོར། །གཤེན་གྱི་ཚེ་ཡི་བདག་པོ་སྟེ། །དམ་རྫས་བསང་མཆོད་དམ་པ་འདི་བཞེས་ལ། །སྟོང་གསུམ་འབྱུང་ལྔའི་ཚེ་བཀྲག་བཅུད་བསྡུས་ལ། །སྒྲུབ་གཤེན་མི་ཚེ་ཕྱྭ་ཚེ་བསྲུང་དུ་གསོལ། །ཚེ་ཡི་བར་ཆོད་ཐམས་ཅད་མྱུར་དུ་ཟློགས། །ཚེ་ཡི་དངོས་གྲུབ་བདག་ལ་བསྩལ་ཏུ་གསོལ། །རྣོ་མཐོང་ནི། བསྭོ། མི་འགྱུར་ཡེ་ཤེས་སྤྲུལ་བའི་གསས་མཁར་ན། །ཇོ་བོ་ཨ་ཇོ་བྲག་བཙན་རྒྱལ་པོ་ནི། །རྫུལ་འཕྲུལ་ཀུན་མཐོང་གཟིགས་པ་སྤྱན་རྣོན་པོ། །དམར་པོ་སྟོབས་ལྡན་བསྭེ་ཡི་རྨོག་ཞུ་གསོལ། །དར་སྔོན་བེར་ཆེན་མེ་ལོང་རྒྱན་ཅན་མནབས། །ཕྱག་ན་ཞགས་པ་གསལ་བྱེད་མེ་ལོང་བསྣམས། །གཡུ་ཡི་རྟ་སྔོན་འགབ་ནག་ཆིབས་སུ་བཅིབས། །རྫུལ་འཕྲུལ་ཀུན་གསལ་འབུམ་སྡེའི་འཁོར་གྱིས་བསྐོར། །གསལ་བྱེད་ཀུན་མཐོང་གསལ་བའི་སྒྲོན་མེ་ཐོགས། །སྟོང་གསུམ་འཇིག་རྟེན་སལེ་གསལ་བར་སྟོན། སྲིད་པའི་རྩེ་ནས་བྱ་ར་བྱེད། །སྒྲུབ་པའི་གཤེན་པོ་བདག་ཅག་ལ༑ ༑རྫུལ་འཕྲུལ་མངོན་ཤེས་རྩལ་ལྡན་སོགས། །རྣོ་མཐོང་གསལ་བའི་དངོས་གྲུབ་བདག་ལ་སྩོལ།།