༄༅། །སྲིད་རྒྱལ་དྲེའུ་དམར་མོའི་བསྐུལ་པ་བཞུགས།

文摘   2024-12-13 11:04   四川  

༄༅། །རྒྱུད་ཉི་འགྲེལ་ལས་བྱུང་བའི་སྲིད་རྒྱལ་དྲེའུ་དམར་མོའི་བསྐུལ་པ་བཞུགས། །

 ༄༅། །བསྭོ་དུར་ཁྲོད་ཆེན་པོ་རབ་འཇིགས་ཤིང༌། །ཁྲག་གི་རྒྱ་མཚོ་རྦ་ཀློང་འཕྱོ། །ཀེང་རུས་རི་རབ་སྤུངས་པའི་མཁར། །འདུ་འཕྲོ་མེ་དཔུང་འབར་བའི་གསེབ། །ཐུགས་རྗེ་ཆེན་པོའི་སྲིད་པར་འབྱུང༌། །གསང་བ་མཆོག་གི་གསས་མཁར་དུ། །དུར་ཁྲོད་རྫོགས་པའི་དཀྱིལ་འཁོར་དུ། །མཁའ་ལ་གདུག་མོའི་བ་ག་ལ། །མཁའ་དབྱིངས་འབར་བའི་བདེ་བ་འཕྲོས། །ཡབ་ཡུམ་རོལ་བའི་བྱིན་རླབས་ཀྱིས། །ཐུགས་ཀྱི་སྲས་མཆོག་སྲིད་པའི་རྒྱལ་མོ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་ཀྱང་དྲེའུ་ལ་བཅིབས། །མཁའ་ལ་ཡབ་རྟགས་གཡས་ཞལ་དཀར་ལ་འཚེར། །དབྱིངས་ལ་ཡུམ་རྟགས་གཡོན་ཞལ་དམར་ལ་གདང༌། །བོན་ཉིད་མི་འགྱུར་དབུས་ཞལ་མཐིང་ལ་ནག ། གཤེན་རབ་བསྟན་སྲུང་སྐུ་ནི་ཆར་སྤྲིན་མདོག ། རལ་པ་གྱེན་འཁྱིལ་མཁའ་འགྱིང་གཙུག་ཏོར་བརྒྱན། །རྒྱུ་དྲུག་རྩད་གཅོད་ཕྱག་དྲུག་མེ་ལྟར་འབར། །རིགས་དྲུག་སྒྲ་གསན་སྙན་ནི་ཟླ་གམ་ཁྲོས། །སྲིད་གསུམ་རླུང་འཐོར་ཤངས་ནི་འཛེངས་གཉེར་བསྡུས། །རྔམ་པའི་ཆ་བྱད་ཞལ་ནི་ཧོམ་ཁུང་གདངས། །འབྱུང་པོ་སྒྲོལ་བྱེད་མཆེ་བ་ཟངས་ཡགས་གཙིགས། །དགྲ་བགེགས་སྒྲོལ་བྱེད་ལྗགས་ནི་རྐན་སྒྲ་བརྡེབ། །གཏི་མུག་རྩད་གཅོད་གླང་ཆེན་ཀོ་རློན་གསོལ། །འདོད་ཆགས་རྩད་གཅོད་ཞིང་ཆེན་གཡང་གཞི་གསོལ། །ང་རྒྱལ་རྩད་གཅོད་སྐུ་སྨད་སྟག་ཤམས་དཀྲིས། །འཕྲག་དོག་རྩད་གཅོད་དྲེད་ཀྱི་ཡང་ཤམས་བཏག ། འཁོར་བ་རྩད་གཅོད་སྦྲུལ་གྱི་ཆུན་པོས་བརྒྱན། །ཉོན་མོངས་རྩད་གཅོད་ཐོད་འཕྲེང་ཚར་གསུམ་བརྒྱན། །བདུད་དཔུང་བཤིག་ཕྱིར་གཡས་པས་ཞིང་དབྱུགས་ཕྱར། །ལྷ་མིན་གཡུལ་ཟློག་གཡོན་པས་གཡུང་དྲུང་འཛིན། །དགྲ་བགེགས་རྩད་གཅོད་གཡས་པས་རལ་གྲི་ཕྱར། །མ་མོ་དབང་སྡུད་གཡོན་ན་ཁ་ཊཾ་འཛིན། །དགྲ་བགེགས་སྙིང་འབྱིན་གཡས་པས་ལྕགས་ཕུར་སྒྲིལ། །མ་མོ་དམར་འབེབས་གཡོན་ན་ཐོད་ཁྲག་འཛིན། །བརྐྱང་བསྐུམ་ཞབས་ཀྱིས་དྲེའུ་དམར་མོ་བཅིབས། །མཐིང་ནག་དར་གྱི་ཅོད་པན་པུ་རུ་རུ། །གདུག་པ་སྦྲུལ་གྱི་མཐུར་སྲབ་ཁྱུགས་སེ་ཁྱུག ། གནམ་ལྕགས་ཨུར་མོའི་ཁ་ལྕགས་ཁྲོ་ལོ་ལོ། །དྲེའུ་སྨད་ཞིང་ཆེན་སྟན་བསྟད་ལྷུབས་སེ་ལྷུབ། །སྲིན་པོ་དྷ་ཤའི་སྔ་རུ་ཁྱུགས་སེ་ཁྱུག ། སྲིན་མོའི་གུ་ཤོའི་ཕྱི་རུ་ལིངས་སེ་ལིང༌། །ཞིང་ཆེན་རློན་པའི་སྒ་གཡོགས་ལྷུབས་སེ་ལྷུབ། །ཞིང་རིས་འབུམ་གྱི་ཤ་ཐག་ཤིགས་སེ་ཤིག ། གློ་སྨེད་གོང་ཐག་སྦྲུལ་དུ་ཁྱུགས་སེ་ཁྱུག ། སྦྲུལ་རིགས་ལྔ་ཡི་མདུད་པ་ཆུམས་སེ་ཆུམ། །ཞིང་ཆེན་པགས་པའི་ཡོབ་ཐག་ཙ་ར་ར། །ཐོད་པ་སྐམ་པོས་ཡོབ་ཆེན་ཁྲོ་ལོ་ལོ། །རྒྱལ་ཆེན་བཞི་ཡི་དྲེའུ་འདེགས་འུ་རུ་རུ། །དྲེའུ་ལ་ཞིང་གི་དབྱུག་ཏོ་ཅགས་སེ་ཅག ། དྲེའུ་རྟའི་མདུར་རྒྱུག་དགྲ་ལ་སི་ལི་ལི། །ཕྱག་དྲུག་མཚོན་ཆ་མེ་འབར་ལྷབས་སེ་ལྷབ། །ཞལ་ནས་བསྭོ་ཆ་ཧ་སྒྲ་དི་རི་རི། །ཤངས་ནས་ནད་ཀྱི་རླངས་པ་ཐུ་ལུ་ལུ། །སྤྱན་ནས་སྐར་ཆེན་མེ་འབར་ལྷབས་སེ་ལྷབ། །སྐུ་སྟོད་ལྷ་མོའི་དམག་ཚོགས་ཉི་ལི་ལི། །སྐུ་སྨད་མ་མོའི་སྤྲུལ་པ་ཤ་ར་ར། །རྐེད་པ་ལས་མཁན་དབལ་མོ་བྲིངས་སེ་བྲིང༌། །ཐུགས་ཀྱི་སྤྲུལ་པ་དབལ་མོ་དགྲ་ལ་འགྱེད། །གསུང་གི་སྤྲུལ་པ་མ་ཚོགས་ལས་ལ་གཏོང༌། །སྐུ་སྤྲུལ་ལྷ་མོའི་དམག་ཚོགས་བྲན་དུ་འཁོལ། །ཡང་སྤྲུལ་སྣང་སྲིད་ལྷ་འདྲེ་ཕོ་ཉར་འགྱེད། །སྤྲུལ་པ་དུ་མའི་དམག་དཔུང་དགྲ་ལ་འབེབས། །གཡས་པས་ཞིང་དབྱུག་རྒྱལ་མཚན་ཕྱ་ར་ར། །གཡོན་ན་ཐོད་རློན་ཁྲག་རྐང་མེ་རེ་རེ། །ཞལ་ནས་བསྭོ་ཆ་ཧ་སྒྲ་དི་རི་རི། །གསང་སྔགས་བོན་གྱི་བསྟན་པ་བཤིགས་པ་དང༌། །རིག་འཛིན་རྔ་ཐོགས་དཀོར་ལ་རློམ་པ་ཡི། །བསྟན་དགྲ་རུ་ཏྲ་དོས་འཛུགས་ཉམས་པ་འདི། །རིངས་པར་ཁུག་ལ་ད་ལྟ་མྱུར་དུ་སྒྲོལ། །སྔོན་ཚེ་ཡེ་གཤེན་གཙུག་ཕུད་སྤྱན་མངར་རུ། །དབང་བསྐུར་མིང་བཏགས་ཞལ་བཞེས་དགོངས་མཛོད་ལ། །དམ་བཅས་བཞིན་དུ་མྱུར་བར་ལས་མཛོད་ཅིག ། མ་གཡེལ་མ་འདའ་བཅོལ་བའི་ཕྲིན་ལས་བསྒྲུབས། །སྣང་སྲིད་ལྷ་འདྲེ་དམག་དཔུང་དགྲ་ལ་ཕོབ། །སྲིད་གསུམ་མ་མོའི་དལ་ཡམས་དགྲ་ལ་ཁྱེས། །ལྟས་ངན་ཆོ་ཕྲུལ་མི་ཤིས་ཕུང་ཐལ་ཐོངས། །དགྲ་བོའི་མདུན་རྒྱུད་རྩད་ནས་ཆོད་ལ་ཤོག ། དུས་ལ་བབ་པོ་མ་ཅིག་སྲིད་རྒྱལ་མ། །ཕྲིན་ལས་མྱུར་སྒྲུབ་དབལ་མོ་དམ་ཅན་ཚོགས། །གཡུང་དྲུང་བོན་གྱི་བསྟན་པ་བཤིགས་པ་དང༌། །སྒྲུབ་གཤེན་བདག་ལ་སྡང་བར་བྱེད་པ་ཡི། །ཕྱོགས་བཞི་མཚམས་བརྒྱད་ལས་ངན་བསྟན་དགྲ་སྒྲོལ། །མ་གཡེལ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སརྦ་ཀང་ཀ་པེ་དུ་སེ་ཙ། སུ་ར་ཎི་ཏྲང་ཐ། བྷ་ལིང་དྷི་དྷ་འཛུ་ནི་ཁ་ཁ་ཁ་ཧི། ཁ་ཏང་ཛ་བི་བང་མ་ཁ་ཧི། །ཞེས་སྲིད་པ་རྒྱལ་མོའི་གསང་སྒྲུབ་འདི། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཡིས། མཚོ་རྔ་བྲག་དཀར་ནས་གཏེར་ལ་བཏོན་པའི་དྲེའུ་དམར་མོའི་རྒྱུད་ཉི་འགྲེལ་གྱི་ནང་ནས་བཏུས་པ་དགེ་ལེགས་འཕེལ། །

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章