ཡིག་བརྒྱའི་གོ་དོན།

文摘   文学   2025-01-19 11:26   四川  

ཡིག་བརྒྱའི་གོ་དོན།



  བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  ཞེས་གང་འགྲུབ་བགྲངས་ལ་སྔགས་ཀྱི་འབྲུ་དོན་ནི། བསྭོ་ནི་སྔགས་ཀྱི་འགོ་འདྲེན་སྐུ་གསུམ་དང་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ཏེ། ་ནི་བོན་སྐུ་ཐུགས་ཀྱི་སྙིང་པོ། ་ནི་རྫོགས་སྐུ་སྐུའི་སྙིང་པོ། ན་རོ་སྤྲུལ་སྐུ་གསུང་གི་སྙིང་པོའོ། དམུ་ར་ཏ་ཧན་ནི་ཕྱོགས་བཅུའི་གཤེན་རབ་ཀྱི་སྙིང་པོ། ཝེར་ནི་བྲུཾ་ཧྲུན་རྒྱལ་བ་གཞལ་ཡས་སུ་བཞུགས་པ་སྟེ་རྟེན་དང་བརྟེན་པའི་སྙིང་པོ། དམུ་ཏྲེ་དམུ་ཏྲེ་ནི་སྣང་བཅས་དང་སྣང་མེད་ཀྱི་བོན་སྐུ་རྣམ་གཉིས་དོན། དམུ་ར་དམུ་ཏྲེ་ནི་དབྱིངས་ཤེས་ཀྱི་བོན་སྐུ། མུ་ཡེ་མུ་ཡེ་ནི་ཞི་བ་དང་ཁྲོ་བོ་སྟེ་ལོངས་སྐུ་རྣམ་གཉིས། ཧ་ར་མུ་ཡེ་ནི་ཡེ་ཤེས་ཀྱི་ལོངས་སྐུ། མུ་སྤྲོས་མུ་སྤྲོས་ནི་མཆོག་སྤྲུལ་དང་མ་ངེས་སྤྲུལ་སྐུ་གཉིས་ཀྱི་དོན། ཝེ་རོ་མུ་སྤྲོས་ནི་རྒྱལ་བ་སྤྲུལ་སྐུའི་སྙིང་པོ། མུ་ནི་གྱེར་ཏོ་ནི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས། ཡེ་ཁྱབ་རོ་ནི་འདུལ་ཞིང་ལ་འོད་ཟེར་འགྱེད་པའི་དོན། སྤྲོས་བདལ་ཧྲི་ཧྲོ་ནི་གདུལ་བྱར་རིག་ཤེས་བསྐྱེད་པའི་དོན། ཝེར་ནི་ཝེར་རོ་ནི་རྒོལ་ངན་བདུད་ལས་རྣམ་པར་རྒྱལ་བའི་དོན། ཤུད་ལ་ཝེར་རོ་ནི་བགེགས་ལས་རྣམ་པར་རྒྱལ་བའི་དོན། ན་ཧུ་ཏ་ཀ་ནི་སྡིག་པ་ཐམས་ཅད་སྦྱང་བྱའི་སྙིང་པོ། ཤུད་དྷོ་ཤུད་དྷོ་ནི་དག་པ་དག་པ་སྟེ་སྦྱོང་བྱེད་ཀྱི་སྙིང་པོ། དུ་ཤུད་དྷོ་ཡ་ནི་ཞེ་སྡང་དག་པར་གྱིས། སལེ་སལེ་ནི་ཡེ་ཤེས་གསལ་བ། ཏྲི་སལེ་ཡ་ནི་འདོད་ཆགས་ཡེ་ཤེས་སུ་གསལ་བར་གྱིས། སང་ངེ་སང་ངེ་ནི་ཚངས་པར་མཛོད་ཚངས་པར་མཛོད། སུ་སང་ངེ་ཡ་ནི་གཏི་མུག་ཚངས་ཤིང་དག་པར་གྱིས། དམུ་ར་ཏ་ཧན་ནི་རྫོགས་པའི་སངས་རྒྱས་དང་གཤེན་རབ་མི་བོའི་སྙིང་པོ། ཁྲི་རྩེ་དྲུང་མུ་ནི་འབྲས་བུ་གཡུང་དྲུང་གི་དོན། ཧ་ཧ་ནི་ཐབས་དང་ཤེས་རབ། བྲུཾ་བྲུཾ་ནི་ཞིང་ཁམས་དང་གཞལ་ཡས་ཀྱི་དོན། ཧོ་ཧོ་ནི་སྐུ་བསྐྱེད་ཀྱི་སྙིང་པོ། ལམ་ལམ་ནི་འགྲོ་དོན་ཕྱོགས་མེད་ཀྱི་དོན། ཧཱུྃ་ཧཱུྃ་ནི་ཐུགས་རྗེ་ཆེན་པོའི་དོན། ཕཊ་ཕཊ་ནི་ཐུགས་རྗེ་དྲག་བསྐུལ་གྱི་དོན་ཡིན་ནོ།  དེས་ན་ཡིག་བརྒྱ་འདི་ཕྱི་སོ་ཐར་གྱི་སྡོམ་པ་འགལ་བ་དང་། ནང་བྱང་སེམས་ཀྱི་བསླབ་པ་འགལ་བ། གསང་བ་སྔགས་ཀྱི་དབ་ཚིག་ཉམས་པ་ལ་སོགས་སྡིག་པ་མི་དགེའི་ལས་ཐམས་ཅད་དག་བྱེད་བཤགས་པའི་རྒྱལ་པོ་ཡིག་བརྒྱ་ཕན་ཡོན་ཆེ་བ། སྟོན་པ་སངས་རྒྱས་ཀྱི་ཞལ་ནས། ༿ དཔེར་ན་ལོ་བརྒྱ་རྩ་གཅིག་གི་ཆར་པའི་འབབས་གྲངས་ནི་བགྲང་བར་ནུས་ལ་ཡི་གེ་བརྒྱ་རྩ་གཅིག་པ་འདིའི་ཕན་ཡོན་བགྲང་བར་དཀའ་༾  ཞེས་གསུངས་སོ། མདོར་ན་སྦྱང་བྱ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཀྱི་གཉེན་པོ་སྦྱོང་བྱེད་དགེ་བ་ཁྱད་པར་ཅན་སྒྲིབ་སྦྱོང་སྐོར་བཞི་སྟེ་སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་འདི་བཞི་འགྲོ་བ་ཐུན་མོང་གི་འཇུག་སྒོའི་བོན་སྤྱོད་ཤིན་ཏུ་བསྔགས་པ་ཞིག་ཡིན་ནོ། དེ་བཞིའི་གོ་དོན་ནི་རྒྱུ་སྡིག་ལྟུང་སྦྱོང་བར་བྱེད་པ་ཡི་གེ་བརྒྱ་པ། རྒྱུ་འབྲས་གཉིས་ཀའི་སྡིག་ལྟུང་སྦྱོང་བར་བྱེད་པ་འཁོར་བ་དོང་སྤྲུགས། སྒྲིབ་སྦྱོང་ཐར་ལམ་འདྲེན་པ་མུན་སེལ་སྒྲོན་མ། བྱིན་རླབས་ལམ་དུ་བྱེད་པ་གསལ་བ་དགུ་འཛབ་དང་བཞིའོ། །

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章