༄༅།།ཤེས་རབ་སྨྲ་སེང་དཀར་པོ་གཅིག་སྒྲུབ་བཞུགས་སོ།།

文摘   文学   2025-01-01 09:25   四川  

༅།།ཤེས་རབ་སྨྲ་སེང་དཀར་པོ་གཅིག་སྒྲུབ་བཞུགས་སོ།།

ཤེས་རབ་སྨྲ་བའི་སེང་གེ་སྐུ་ལ་ཕྱག་འཚལ་ལོ།། སྨྲ་སེང་དཀར་པོ་གཅིག་སྒྲུབ་ཀྱི་ཐབས་ལ། ཤེས་རབ་ཀྱི་བློ་འཕེལ་བར་བྱེད་པ་འདི་ཉིད་དྲན་པ་ནམ་མཁའ་ལ་སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས་ཞུས་པ་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་སྟེ། དང་པོ་སྔོན་འགྲོ་ལ་བྱམས་སྙིང་རྗེ་བསྒོམ། སྐྱབས་འགྲོ་སེམས་བསྐྱེད་བྱ། གཉིས་པ་དངོས་གཞི་ལ། སྟོང་བའི་ངང་ལས་པདྨ་ཉི་ཟླའི་གདན་ལ་དྷཱིཿདཀར་པོ་གཅིག་ལ། སྐད་ཅིག་དྲན་རྫོགས་སུ་ཤེས་རབ་སྨྲ་བའི་སེང་གེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་པས་སྐྱབས་སྦྱིན་མཛད་པ། གཡོན་པས་མེ་ཏོག་ཨུཏྤལ་གྱི་སྟེང་ན་ཤེས་རབ་ཀྱི་རལ་གྲི་པོ་ཏི་བསྣམས་པ། རིན་པོ་ཆེ་རྒྱན་གྱིས་བརྒྱན་པ། ཆུ་ཟླའི་དཀྱིལ་འཁོར་ལྟ་བུའམ་མེ་ལོང་གི་གཟུགས་བརྙན་ལྟར། གསལ་ལ་རང་བཞིན་མེད་པ། སྣང་ལ་དངོས་པོ་མེད་པར་བསྒོམ། སྔགས་འབྲུ་དྲུག་པ་འདི་སྲན་མ་དཀར་པོ་ལ་འབུམ་ཕྲག་བཟླས་ལ་མགུལ་དུ་བཅིང་། ཨཱོྃ་བྷ་ཀི་དྷཱི་ན་མ། ཞེས་བཟླས་སོ།། འགྲུབ་པའི་རྟགས་ནི་རྨི་ལམ་དུ། བདག་ཉིད་སེང་གེ་ལ་བྱོན་པ་དང་། རལ་གྲི་བཟུང་བ་དང་། དུང་འབུད་པ་དང་། འབྲུག་གྲགས་པ་རྣམས་འབྱུང་ངོ་།། ནང་གི་རྟགས་ནི་ཉོན་མོངས་ཆུང་བ་དང་། འཕྲལ་དུ་སྤྲོ་རིང་བ་དང་། རིག་པ་གྲོལ་བའི་དངོས་གྲུབ་ཐོབ་བོ།། གསུམ་པ་རྗེས་ཀྱི་བྱ་བ་ནི། སྔར་གྱི་བསྒྲུབས་པའི་སྲན་མ་དེ་དར་དཀར་དུ་དྲིལ་ལ། ཉི་ཟླ་གཟའ་ཡིས་ཟིན་པའི་དུས་སུ་ལྕེ་འོག་ཏུ་བཅུག སྔགས་འབྲུ་དྲུག་འདི་སྨྲ་བཅད་བྱས་ཤིང་བསྒྲུབ། ཁང་བ་ཐོག་ཕུབ་ཡོད་པའི་ནང་དུ་ཉི་ཟླ་གཟའ་ཡིས་ཟིན་པའི་དུས་སུ། དེ་ལས་མ་ཐར་གྱི་བར་དུ་བཟླས་ལ། འགྲུབ་པའི་རྟགས་སུ་རབ་ལ་གང་བུ་ཐོན་པ། འབྲིང་ལ་མེ་ཏོག་འབྱུང་བ། ཐ་མ་སྲན་ལྗང་སོར་བཞི་སོར་གསུམ་ཐོན་པའོ།། དེ་ནས་ཉི་ཟླ་གཟའ་ལས་ཐར་བ་དང་གྱུར་མིད་བྱས་ན་ཤེས་རབ་ཆེན་པོར་འགྱུར་རོ།། རིག་པའི་གནས་ལ་མཁས་པར་འགྱུར། ཉི་མ་རེར་ཤོ་ལོ་ཀ་སྟོང་རེ་བློ་ལ་ཟིན། བློ་གསལ་བ་དང་། ཡིད་གཞུང་བ་དང་། ཉོན་མོངས་ཆུང་བ་དང་། སྤྲོ་རིང་བ་དང་། ཀུན་གྱིས་རང་ལ་དགའ་ཞིང་ཡིད་དུ་འོང་བར་འགྱུར་རོ།། ཞེས་བསྔོ་བ་བྱ་ཞིང་མི་དམིགས་པའི་རྒྱས་གདབ། ༧སྨྲ་སེང་དཀར་པོ་གཅིག་སྒྲུབ་འདི་ལ་ཤེས་རབ་སྨྲ་བའི་སེང་གེ་ཞེས་ཀྱང་བྱ། ཀུ་བྱི་མང་སྐེ་ཞེས་ཀྱང་བྱ། ལྷ་རྒོད་ཐོག་པ་ཞེས་ཀྱང་བྱ། ཕྱྭ་ཀོང་ཙེ་ལན་མེད་ཞེས་ཀྱང་བྱ། འཕགས་པ་འཇམ་དཔལ་ཞེས་ཀྱང་བྱ། སྒམ་པོ་ལྷ་བུ་ལྷ་སྲས་ཞེས་ཀྱང་བྱ། ངོ་བོ་གཅིག་ལ་མཚན་དྲུག་གསོལ་བའི་སྒྲུབ་པ་འདི་ཡི་བརྒྱུད་རིམ་ནི། རི་སྤོས་རི་ངད་ལྡན་དུ་སྨྲ་བའི་སེང་གེས། གྱེར་སྤུངས་དྲན་པ་ནམ་མཁའ་ལ་བརྒྱུད། དེས་སྟངས་ཆེན་དམུ་ཚ་གྱེར་མེད་ལ་བརྒྱུད། དེས་པད་འབྱུང་ནམ་མཁའ་རིན་ཆེན་ལ་བརྒྱུད། དེས་བཻ་རོ་གྲགས་པ་རྒྱལ་མཚན་ལ་བརྒྱུད། དེས་ཁྱུང་ཆེན་ཡོན་ཏན་རིན་ཆེན་ལ་བརྒྱུད། དེས་གཅུ་ར་བློ་གྲོས་བཟང་པོ་ལ་བརྒྱུད། དེས་བསོད་ནམས་ཡེ་ཤེས་ལ་བརྒྱུད། དེས་མཉམ་མེད་འོད་ཟེར་རྒྱལ་མཚན་ལ་བརྒྱུད། དེས་དྲང་སྲོང་ནམ་མཁའ་འོད་ཟེར་ལ་བརྒྱུད། དེས་རྒྱལ་བ་གཙུག་ཕུད་ལ་བརྒྱུད། དེས་རྨེའུ་བསོད་ནམས་དར་རྒྱས་ལ་བརྒྱུད། དེས་ཡེ་ཤེས་ཚུལ་ཁྲིམས་ལ་བརྒྱུད། དེས་རིག་འཛིན་ཀུན་གྲོལ་གྲགས་པ་ལའོ།། སྟོང་བ་ཉིད་དང་སྙིང་རྗེའི་ངང་།། པདྨ་ཉི་ཟླའི་གདན་གྱི་སྟེང་།། རང་ཉིད་སྐད་ཅིག་འཇམ་པའི་དབྱངས།། དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས།། ཤེས་རབ་རལ་གྲི་པོ་ཏི་བསྣམས།། ཐུགས་ཀར་པདྨ་ཉི་ཟླའི་གདན།། དམ་ཚིག་སེམས་དཔའི་ངོ་བོ་ནི།། དྷཱིཿཡིགདཀར་ལ་རྩ་བའི་སྔགས།། གཡས་སུ་ཀྱི་ལེར་འཁོར་བ་ལས།། འོད་ཟེར་གྲངས་མེད་འཕྲོ་བ་ཡིས།། ཡེ་ཤེས་འཇིག་རྟེན་དྲེགས་ཚོགས་ཀྱིས།། མངོན་ཤེས་གསལ་བའི་མེ་ལོང་བསྣམས།། ཐམས་ཅད་བདག་གིས་ཐོབ་ནས་སུ།། ཤེས་རབ་ལྷ་མཆོག་གྱུར་བར་མོས།། ཨཱོྃ་ཝ་ཀྐི་དྷཱི་ན་མཿཤེས་རབ་ལྷ་མཆོག་འཇམ་པའི་དབྱངས།། ཁྱོད་ལ་གསང་བའི་འཛབ་མཆོད་འབུལ།། མཁྱེན་བརྩེ་ཡེ་ཤེས་སྤྱན་དཀྱུས་ཀྱིས།། གཟིགས་ནས་ཤེས་རབ་ཡེ་ཤེས་སྩོལ།། ཅེས་འཕྲོ་འདུ་དང་འཛབ་བསྟོད་འདི་ནི་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའོ།། འདི་ཡི་བསྙེན་པ་ནི། བསྐྱེད་རྫོགས་བཟླས་གསུམ་རང་བྱན་ཆུབ་པའི་རྣལ་འབྱོར་བ་རབ་ཀྱིས་འབུམ་ཚོ་གཅིག་གིས་འགྲུབ། འབྲིང་གིས་འབུམ་ཕྲག་དྲུག་གིས་འགྲུབ། ཐ་མས་འབུམ་ཕྲག་བཅུ་གཉིས་ཀྱིས་འགྲུབ་པའོ།། ཞལ་ཤེས་ནི།འདི་བསྒྲུབ་ཚེ། ཤ་ཆང་སྒོག་པ་བུད་མེད་བཞི་ལ་མི་སྤྱོད། གྲིབ་དང་མི་གཙང་བ་ལ་ཤིན་ཏུ་འཛེམ།མཚམས་དམ་པར་སྨྲ་བཅད་བྱ་དགོས་སོ།། ལས་ལ་སྦྱོར་དུས་ཐོག་ཕུབ་ཡོད་པའི་ཉི་ཟླ་མི་མཐོང་སར་བརྗོད་ལ་བསྙེན། ཉི་ཟླ་རང་གིས་བལྟ་མི་རུང་བས་རོགས་མིས་སྒྲོག་པའམ། ཆུ་ཟླའི་དཀྱིལ་འཁོར་ལ་བརྟག་པ་ཞལ་གདམས་ཡིན།ཨགྴཾ། ༧ཀུན་གྲོལ་ཆེན་པོ་ལ་རྣལ་འབྱོར་བུ་ཏེ་དྷྭ་ཛས་ཞུས། དེ་ནས་རིམ་པར་བརྒྱུད་པའོ།། དགེ་ཞིང་བཀྲ་ཤིས་སོ།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章